《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月14日

ཞི་ཅིན་ཕིང་གིས་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུ་ཏང་གི་ཀྲུའུ་ཞི་མེ་ཏེ་ཝེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ།

འདི་ནི་ཟླ་12ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུ་ཏང་གི་ཀྲུའུ་ཞི་མེ་ཏེ་ཝེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་12ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུ་ཏང་གི་ཀྲུའུ་ཞི་མེ་ཏེ་ཝེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་། འཆམ་མཐུན་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་ཀྱི་འགྲོ་ལམ་གསར་པར་བསྐྱོད་དེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔོག་འདོན་བྱས་ཏེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་འདོད་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོ་དང་ཨུ་རུ་སུས་མཉམ་འབྲེལ་རྒྱལ་ཚོགས་དང་། འབོ་གསེར་མཉམ་ལས་ལམ་སྲོལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་གཏུག་དང་རོགས་ལས་ཟབ་ཏུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བརྟན་པོ་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་པོ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས“དམག་ས་ཕྱིར་མི་མཆེད་པ་དང་། དམག་འཁྲུག་གི་རིམ་པ་མི་འཕར་བ། ཕྱོགས་ཁག་གིས་འཁྲུག་རྐྱེན་མི་སློང་བ”བཅས་ཀྱི་རྩ་དོན་གསུམ་མཐའ་འཁྱོངས་བྱས་ནས་དུས་བབ་གང་མགྱོགས་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་ཐེངས་མང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་ལངས་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཆབ་སྲིད་ཀྱི་ཐོག་ནས་ཉམས་ཉེན་ཐག་གཅོད་བྱེད་པར་མཐུན་རྐྱེན་བསྐྲུན་རྒྱུ་ཡིན།

མེ་ཏེ་ཝེ་ཅེ་ཕུའུ་ཡིས་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕུལ་བའི་མཚན་བཀོད་འཕྲིན་ཡིག་བརྒྱུད་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་ཨུ་རུ་སུ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་མཚམས་སུ། སླར་ཡང་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། མིག་སྔའི་ཨུ་རུ་སུ་དང་ཀྲུང་གོའི་ཆུ་ཚད་མཐོ་བའི་མཉམ་ལས་ནི་ཙུང་ཐུང་ཕུའུ་ཅིང་དང་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་ཐུན་མོང་ཐོག་སྣེ་ཁྲིད་དང་སྐུལ་འདེད་བཏང་གནང་བའི་འབྲས་བུ་ཞིག་རེད། “འདོད་མཐུན་སྤྱོད་མཐུན་རྣམས་རང་བཞིན་དུ་འགྲོགས”ཞེས་པའི་ཤོད་སྲོལ་དེ་ལས་རྒྱལ་ཁབ་གཉིས་དབར་ཆགས་པའི་འབྲེལ་བ་བཟང་པོ་གསོན་ཉམས་དོད་པོས་མཚོན་ཡོད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།

(པ་ཚེ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)