《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月13日

“ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གོ་སྐབས་ཆེན་པོ་ཐོབ་བྱུང”

འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ཀོང་ཡུང་།

ཉེ་ཆར། ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང《མི་དམངས་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དབན་སའེ·ཐ་ཝུན་ཡན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་མུ་མཐུད་འབད་འཐབ་དང་གསར་འབྱེད་ཡར་བརྩོན་རྒྱུན་ཆད་མེད་པར་བྱས་ཏེ། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བཏོད་ཡོད”ཅེས་བརྗོད།

དབན་སའེ་ཡིས། “ང་རང་པེ་ཅིང་དང་ཧྲང་ཧའེ་སོགས་ཀྲུང་གོའི་གྲོང་ཁྱེར་ཆེ་གྲས་སུ་འཚམས་འདྲིར་འགྲོ་མྱོང་ཡོད་ལ། ལོ་ཀྲུང་མཐའ་མཚམས་ཀྱི་ཡུན་ནན་ཞིང་ཆེན་གྱི་གྲོང་གསེབ་ཏུ་ལྟ་སྐོར་དང་རྟོག་ཞིབ་བྱེད་པར་ཡང་འགྲོ་མྱོང་ཡོད། ཀྲུང་གོའི་ས་གནས་ཁག་གི་འཕེལ་རྒྱས་དང་འགྱུར་ལྡོག་གིས་ང་རང་ལ་བག་ཆགས་ཟབ་མོ་བཞག་བྱུང”ཞེས་བརྗོད་པ་དང་། ཁོང་གིས་ཀྲུང་གོར་དེང་རབས་ཅན་གྱི་འགྲིམ་འགྲུལ་སྒྲིག་ཆས་དང་། སྟབས་བདེའི་འཛད་སྤྱོད་གཏོང་སྤྲོད་བྱེད་སྟངས། སྔོན་ཐོན་གྱི་ཚན་རིག་ལག་རྩལ་སོགས་ཡོད་པས། གྲུབ་འབྲས་འདི་དག་ཐོབ་དོན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་དང་། དེ་བཞིན་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།

གསར་འགོད་པས་དབན་སའེ་ཡི་གཞུང་ལས་སྒྲོག་རྩེའི་ཐོག་ནས་ལོ་སིའི་ཡི་གེའི་པར་གཞིའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་མཐོང་བྱུང་། དབན་སའེ་ཡིས། “དེབ་འདི་ནི་ང་ཚོས་ཀྲུང་གོར་རྒྱུས་ལོན་དང་ཀྲུང་གོར་སློབ་སྦྱོང་བྱེད་པའི་ཐབས་ལམ་གྱི་གྲས་ཤིག་ཡིན་ལ། ལོ་སིའི་འགོ་ཁྲིད་པས་རྒྱལ་སྲིད་སྐྱོང་ལུགས་སློབ་སྦྱོང་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཀྲུང་གོ་མི་དམངས་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་རྒྱུན་ཆད་མེད་པར་ཐོབ་ངེས་ཡིན་པར་ང་ཚོས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བྱེད་ཀྱི་ཡོད”ཅེས་བརྗོད།

ད་ལོའི་ཟླ་8པར། 2024ལོའི“རྒྱུད་གཅིག་ལམ་གཅིག”གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་དང་། དབན་སའེ་གདན་ཞུས་ལྟར་གླེང་སྟེགས་ལ་ཞུགས་པ་དང་འབྲེལ། སི་ཁྲོན་གྱི་ས་ཆ་མང་པོར་ལྟ་སྐོར་དང་འཚམས་འདྲིར་བསྐྱོད་ཡོད། ཁྲེང་ཏུའུ་རུ་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་དང་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིར་འཚམས་འདྲི་དང་། ཏེ་དབྱང་དུ་སན་ཤིང་ཏུའེ་རྟེན་མཛོད་ཁང་དང་མེན་ཀྲུའུ་ལོ་གསར་རི་མོའི་གྲོང་ཚོར་ལྟ་སྐོར། ཀོང་ཡོན་དུ་ཀྲའོ་ཧྭ་གནའ་གྲོང་གི་ལོ་རྒྱུས་ལ་རྒྱུས་ལོན་སོགས་བྱས་རྗེས། དབན་སའེ་ཡིས། “སི་ཁྲོན་ནི་མཚོན་བྱེད་ཙམ་ཞིག་རེད། དེ་ལས་ང་ཚོར་ཀྲུང་གོའི་ས་གནས་ཁག་གི་ལྗང་མདོག་འཕེལ་རྒྱས་དང་སྡོད་གནས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རི་མོ་ཞིག་མཐོང་བྱུང”ཞེས་བརྗོད།

དབན་སའེ་ཡིས། “ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གོ་སྐབས་ཆེན་པོ་ཐོབ་བྱུང་། ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ལོ་སིར་མྱོང་ཚོར་དེ་བས་ཟབ་མོ་བྱུང་། ལོ་སི་དང་ཀྲུང་གོའི་དབར་གྱི་གཉིས་ཕན་མཉམ་ལས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ལོ་ཀྲུང་ལྕགས་ལམ་དཔེར་བཞག་ནས། “ལོ་ཀྲུང་ལྕགས་ལམ་ནི་སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་དང་ལོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ལོ་སིའི་མི་དམངས་ཀྱིས་ལོ་ཀྲུང་ལྕགས་ལམ་ཤར་གཏོང་ཐུབ་པར་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད། ད་ཆ་མེ་འཁོར་དེ་ལོ་སིའི་མི་དམངས་དང་ཡུལ་སྐོར་བའི་སྟབས་བདེ་ཤོས་དང་བདེ་འཇགས་ལྡན་ཤོས་ཀྱི་འགྲུལ་བཞུད་གདམ་གའི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

དབན་སའེ་ཡིས། ང་རང་དེ་སྔ་ལོ་སིའི་རྒྱལ་ས་ཝན་ཐེན་ནས་ལོ་ཀྲུང་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ལ་བསྡད་དེ་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་བསྐྱོད་མྱོང་ཡོད་ཅེས་བརྗོད་པ་དང་། ཁོང་གིས་གསར་འགོད་པར་ཐེངས་དེའི་རང་ཉིད་ཀྱི་འགྲུལ་བཞུད་ཀྱི་མཐོང་ཐོས་གླེང་བ་སྟེ། ལོ་སི་ནས་ཐོན་པའི་ལོ་ཀྲུང་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་དེར་རྐུབ་བཀྱག་སྟོང་པ་གཅིག་ཀྱང་ལྷག་མེད་ལ། འབྲས་དང་། མ་རྨོས་ལོ་ཏོག ཚལ་རིགས་མུའུ་ཧྲུའུ་སོགས་ལོ་སིའི་ཞིང་ཟོག་འབོར་ཆེན་ཡང་ཟོག་འདྲེན་མེ་འཁོར་བརྒྱུད་ཀྲུང་གོར་བར་མཚམས་མེད་པར་དབོར་བཞིན་ཡོད་པ་རེད། དབན་སའེ་ཡིས། “ལོ་ཀྲུང་ལྕགས་ལམ་གྱིས་ལམ་རྒྱུད་ཀྱི་ལོ་སིའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བར་ཕན་པ་བསྐྲུན་པ་དང་། ལོ་སིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ལོ་སི་དང་ཐ་ན་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད”ཅེས་བརྗོད།

(པད་ཆོས་ཀྱིས་བསྒྱུར། པ་ཚེས་ཞུས)