《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月13日

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་སྤེལ་ཚུན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་སྒྱུར་བཅོས་ཀྱི་ལས་འགན་ལ་དམིགས་ནས“དོ་དམ་ཡག་པོ”དང“ལྷུག་གློད”གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཞིས་རྩེའི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་འགན་གཙོ་བོའི་70% སྔ་སྣུར་དུ་ལེགས་སྒྲུབ་ཟིན་པ་རེད།

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས་འདུན་ཞུའི་ཕྱོགས་སྟོན་ཁྱབ་བསྒྲགས་བྱེད་པ། ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་བྱ་དགའ་དང་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས་འདོན་པ། བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི་260སྤྲོད་པ། ཁེ་ལས་གཅིག་ལ་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་རེ་ཞུ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཇོ་མོ་གླང་མ་གྲོང་ཁྱེར་མ་འཇོག་གིས་གྲོང་ཁྱེར་དེ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་ཁང་དང་པོ་དེ་འཛུགས་པ་བཅས་བྱས་པ་རེད། “རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་ནང་རང་འགུལ་ངང་ཞུགས་པ་དང་ཞབས་འདེགས་ཞུས་ནས་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་ཁུལ་སྒོ་བརྒྱབ་ནས་སླར་ཡང་ཕྱེ་བ་དང་འབྲེལ། ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐོག་མ་དེ་སྤྱོད་འགོ་ཚུགས་ནས་ནེ་རྩྭ་ཏུན་700ལྷག་ཙམ་སྐྱིད་གྲོང་འགག་སྒོ་ནས་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། བོད་ཀྱི་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་ཐོན་རྫས་ཁག་དང་པོ་ཡར་ཀླུང་ཨར་འདམ་གཞི་ཁྱོན་ཅན་གྱི་ཕྱིར་གཏོང(ནེ་པ་ལ)ཏུན་2000བྱས་པ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ཐད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་ལྟ་སྐུལ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། “ཁེ་སྤོགས་བསྡོམས་འབོར་གཅིག་དང་ཡོང་འབབ་ལྔའི”གཉེར་སྐྱོང་ལས་རྗེས་དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་མགྱོགས་མྱུར་བཏོད་པ། དབང་སྤྲོད་དང་དབང་ཆ་གཤམ་སྤྲོད་ཀྱི་གསལ་ཐོ་14བཟོས་པ། དབང་འགན་གསལ་ཐོ་ཁག་16བར་ལེགས་སྒྲིག་བྱས་པ། གཏན་འབེབས་དང་འཚམ་པའི་འགན་འཁུར་མི་དགོས་པའི་ཞིབ་ཕྲའི་སྤྱད་འཐུས་ཀྱི་གནས་ཚུལ་བཅུ་ཁ་གསལ་བཟོས་པ་བཅས་རེད། ལྟ་འདོམས་བྱེད་ཐབས་ལེགས་སུ་བཏང་ནས་ཐོན་དབང་ཐོ་འགོད་དང་གཉེར་སྐྱོང་བྱེད་པོ་ཐོ་འགོད་མཉམ་འགུལ་ལྟ་འདོམས་ལམ་སྲོལ་གསར་པ་བཙུཌ་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱི་དྲ་ཐོག་ལྟ་འདོམས་མ་ལག་མགྱོགས་མྱུར་བཏོད་པ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ཐབས་ཇུས་འཁོར་རྒྱུག་སོགས་ལས་སྒོའི་མ་ལག་བསྐྲུན་པ། གྱོང་གུན་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ། གྲོང་ཁྱེར་ནང་གི་གཞུང་ཁོངས་ཁེ་ལས་4ཡི་གྱོང་གུན་བསལ་ནས་ཁེ་བཟང་སྒོར་ཁྲི་1963རག་པ་བཅས་མ་ཟད། ཁེ་ལས་22ཀྱི་གྱོང་གུན་ཆུང་དུ་བཏང་བ་དང་དུས་མཚུངས་གྱོང་གུན་སྒོར་ཁྲི་4096ཉུང་དུ་བཏང་བ་རེད།