《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月13日

སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས།

ཡིག་ཆ་བཀྲམ་ནས་དགེ་རྒན་ལ་གོང་བཀུར་དང་ཕན་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག《དགེ་རྒན་ལ་གོང་བཀུར་དང་ཕན་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བྱེད་ཐབས་འགའ་ཞིག》བཀྲམ་ནས། དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་གྱི་ཆབ་སྲིད་གནས་བབ་དང་། སྤྱི་ཚོགས་གནས་བབ། ལས་རིགས་གནས་བབ་བཅས་མཐོ་རུ་གཏོང་རྒྱུ་རེད།

ཡིག་ཆ་དེའི་ནང་། སྨན་བཅོས་བདེ་ཐང་དང་། རིག་གནས་མཐོར་འདེགས། འཚོ་བའི་ཞབས་ཞུ། སྡོད་ཁང་འགན་ལེན་བཅས་དང་དེ་བཞིན་ཕྱོགས་གཞན་དག་ཐད་ནས་དགེ་རྒན་ལ་གོང་བཀུར་དང་ཕན་པའི་བྱེད་ཐབས་ཁ་གསལ་བཏོན་ཡོད་པ་སྟེ། སྨན་བཅོས་བདེ་ཐང་ཐད། ས་གནས་ཁག་གི་སློབ་གསོ་སྡེ་ཚན་གྱིས་ལོ་ལྟར་དགེ་རྒན་སྒྲིག་འཛུགས་བྱས་ནས་རིན་མེད་ངང་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱེད་རྒྱུ་མ་ཟད། ད་དུང་དུས་བཀག་ལྟར་སེམས་ཁམས་བདེ་ཐང་སྐོར་གྱི་འཆད་ཁྲིད་སོགས་བྱས་ནས་དགེ་རྒན་གྱི་བདེ་ཐང་ཡིག་ཚགས་བཟོ་རྒྱུ་དང་ཆབས་ཅིག ས་གནས་ཁག་ལ་དེ་གའི་དགེ་རྒན་གྱི་སྨན་བཅོས་ལ་སྟབས་བདེ་བསྐྲུན་རྒྱུ་དང་དགེ་རྒན་ལ་ཕྱོགས་པའི་བདེ་ཐང་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུའི་སྐུལ་ལྕག་བྱ་རྒྱུ། རིག་གནས་མཐོར་འདེགས་ཐད། ས་གནས་ཁག་གི་རྟེན་མཛོད་ཁང་དང་། དྲན་གསོ་ཁང་། མཛེས་རྩལ་ཁང་། ཚན་རྩལ་ཁང་། བྱིས་པའི་ཕོ་བྲང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་དང་ཡུལ་སྐོར་ལྟ་སྐོར་བྱ་ཡུལ་ལ་དགེ་རྒན་ཚོར་སྒོ་འཛིན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་འདོན་རྒྱུའི་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་དང་ཆབས་ཅིག དགེ་རྒན་གྱི་རིག་གནས་ལུས་རྩལ་བྱེད་སྒོ་ཤུགས་ཆེན་སྤེལ་ནས་དགེ་རྒན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ། འཚོ་བའི་ཞབས་ཞུའི་ཐད། འབྲེལ་ཡོད་ཁེ་ལས་ལ་དགེ་རྒན་ཚོར་ཆེད་དམིགས་གཟིགས་སྐྱོང་བྱེད་སྒོ་སྤེལ་རྒྱུའི་ལྕག་སྐུལ་བྱ་རྒྱུ་དང་ཆབས་ཅིག འབྲེལ་ཡོད་གཞུང་ཁོངས་ཚོང་ལས་དངུལ་ཁང་ལ་དགེ་རྒན་ཚོར་རང་སོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་ཞབས་ཞུ་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ། ཆ་རྐྱེན་འཛོམས་པའི་ས་ཁུལ་ཁག་ལ་དགེ་རྒན་ཚོ་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་སྤ་སེ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་རྒྱབ་སྐྱོར་བྱ་རྒྱུ། སྡོད་ཁང་འགན་ལེན་ཐད། ཆ་རྐྱེན་འཛོམས་པའི་དགེ་རྒན་ཚོ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས་དགེ་རྒན་གྱི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། གཞན་ཡང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁག་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞལ་འདེབས་རྒྱག་པ་དང་ཡང་ན་དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། དགེ་རྒན་ཚོར་དགེ་བཀུར་དགེ་ཕན་གྱི་ཞབས་འདེགས་ཞུ་རྒྱུའི་ལྕག་སྐུལ་བྱ་རྒྱུ་བཅས་རེད།

འདི་ལོ་ཚུན་དུ། སློབ་གསོ་པུས་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་དང་། ས་གནས། སྤྱི་ཚོགས་བཅས་ཀྱི་རིམ་ངོས་ནས་དགེ་རྒན་ལ་གོང་བཀུར་དང་ཕན་པའི་ལས་དོན་ལ་རྣམ་པ་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་ཞིང་། གོམ་སྟབས་རྗེས་མར། སློབ་གསོ་པུས་དགེ་རྒན་ལ་གོང་བཀུར་དང་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་མུ་མཐུད་དམ་འཛིན་དང་། ས་གནས་ཁག་གི་དགེ་རྒན་ལ་གོང་བཀུར་དང་ཕན་པའི་ལས་དོན་གྱི་ཉམས་མྱོང་ཡག་པོ་དང་བྱེད་ཐབས་ཡག་པོ་དག་ཕྱོགས་སྡོམ་དྲིལ་བསྒྲགས་བྱ་རྒྱུ་དང་ཆབས་ཅིག ས་གནས་ཁག་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གོང་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་སྔར་བས་གཏོད་རྒྱུ་ཡིན་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)