མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ཨེན་ཀེ་སིའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དབྱིན་ཇིའི་མན་ཁྲེ་སི་ཐེ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོ་དང་། དབྱིན་ཇི། ཨིར་ལན། ཏེན་མག འཇར་མན་སོགས་རྒྱལ་ཁབ་ཀྱི་མཁས་དབང་བརྒྱ་ལྷག་ཙམ་མཉམ་དུ་འཛོམས་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་དེའི་འཕེལ་རྒྱས། དེ་བཞིན་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་སོགས་ཀྱི་གྲོས་གཞིར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱས་པ་རེད།
དབྱིན་ཇི་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་འབྱུང་ས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་དབྱིན་ཇིའི་མར་ཁེ་སི་དང་ཨེན་ཀེ་སིའི་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་སློབ་ཚོགས་དང་སུར་ཧྥུའུ་ཏེ་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་ཞིག་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་མར་ཁེ་སི་དང་ཨེན་ཀེ་སིའི་མ་རྩོམ་ནས་འགོ་བཙུགས་ཏེ་ཀྲུང་གོའི་ལག་ལེན་དངོས་དང་ཟུང་འབྲེལ་གྱིས་ཀྲུང་གོས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐུན་མོང་མ་ཡིན་པའི་ཤེས་དཔལ་ལྟ་བ་སོགས་ལ་གྲོས་བསྡུར་བྱས་པ་རེད།
ཚོགས་འདུའི་ཐོག་ཀྲུང་གོ་མི་དམངས་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། པེ་ཅིང་སློབ་ཆེན། ཧྥུའུ་ཏན་སློབ་ཆེན་སོགས་རྒྱལ་ནང་གི་མཐོ་སློབ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད། ནུབ་ཕྱོགས་ཀྱི་མཁས་དབང་གིས་ཀྲུང་གོའི་མཁས་དབང་གི་རིག་གཞུང་ལྟ་བ་ཆ་ཚང་ལ་ཕུན་སུམ་ཚོགས་པོ་ཡོད་པས་རྒྱལ་ཁབ་ཁག་གི་ལས་རིགས་གཅིག་པ་ཚོར་བློ་སྒོ་གསར་པ་ཕྱེ་ཡོད་པའི་ངོས་འཛིན་བྱས་པ་རེད།
ཆིང་ཧྭ་སློབ་ཆེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཤའོ་ཀུའེ་ཆིང་གིས། མར་ཁེ་སི་རིང་ལུགས་ཀྱིས་འཛམ་གླིང་ལ་འགྱུར་ལྡོག་བཏང་ཡོད་ལ་ཀྲུང་གོར་ཡང་འགྱུར་ལྡོག་བཏང་ཡོད། ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་འདུ་འགོད་ལག་བསྟར་བྱེད་འགོ་བཙུགས་ནས་ལོ་20ཡི་རིང་གཡུར་ཟའི་གྲུབ་འབྲས་མང་པོ་ཐོབ་པ་དང་། ཀྲུང་གོའི་མཁས་དབང་གིས་རང་བརྟེན་ཤེས་བྱའི་མ་ལག་འཛུགས་རིང་ནུབ་ཕྱོགས་མཁས་དབང་དབར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཞིབ་འཇུག་གྲུབ་འབྲས་ཐད་ནས་སྤེལ་རེས་གཏིང་ཟབ་བྱས་པ་དེས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཕྱི་ཕྱོགས་སུ་ཁྱབ་སྤེལ་ལ་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
“མཚན་ཉིད་རིག་པའི་བསམ་བློ་ཚང་མ་དུས་རབས་ཀྱི་རྒྱབ་ལྗོངས་དང་ཞིབ་ཕྲའི་ལག་ལེན་ལ་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་བྱུང་བ་ཞིག་རེད”དབྱིན་ཇིའི་ཁན་ཐེ་པོ་ལེའི་ཡེ་ཤུའི་ཆོས་ཚོགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏ་ཝུའེ·པེ་ཚེ་ཡིས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པ་ལས་་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལྡོག་མེད་རང་བཞིན་གསལ་སྟོན་བྱས་ཡོད། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་དེང་སྐབས་ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོའི་དབར་གྱི་འབྲེལ་བ་ལས། རྒྱལ་ཁབ་ཁག་གི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མཁས་ཅན་གྱིས་མར་ཁེ་སི་རིང་ལུགས་དང་དེང་སྐབས་འཛམ་གླིང་འཕེལ་རྒྱས་ཀྱི་ཞིབ་ཕྲའི་ལག་ལེན་ཟུང་འབྲེལ་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུར་བསམ་གཞིག་གཏིང་ཟབ་ཞིག་མདོ་འདོན་བྱས་ཡོད།
དབྱིན་ཇིའི་སུར་ཧྥུའུ་ཏེའི་གྲོང་སྤྱི་ཟུར་པ་ཨན—མ་ལི·ཧན་ཧྥུའུ་ལའེ་སིས། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་བཞིན་རྙོག་འཛིང་ཆེ་བའི་འགྲན་སློང་མང་པོ་འཕྲད་པ་དང་ཚོགས་སྤྱི་ཁག་གཅིག་གིས་སྔར་བཞིན་ཡུན་རིང་དབུལ་ཕོངས་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད། དེའི་ནང་རྙོག་འཛིང་ཆེ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་ཡོད་པས་ཕྱོགས་ཁག་གིས་སྔར་བཞིན་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཁྲོད་ནས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ལས་མར་ཁེ་སི་རིང་ལུགས་དུས་རབས་ཅན་གྱི་མ་དཔེ་མཁོ་འདོན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པའི”ངོས་འཛིན་བྱས་པ་རེད།
(བསོད་བདེ་ཆེ་བས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)