ཞོགས་པའི་ཆུ་ཚོད་8དང་སྐར་མ་15ཡི་ཐོག་མེ་འཁོར་གྱི་སྒོ་བརྒྱབ་པའི་སྒྲ་གྲགས་རྗེས་མྱུར་བགྲོད་མེ་འཁོར་ཀུའེ་ཀྲོའུ་ཀུའེ་དབྱང་བབས་ཚུགས་བྱང་མ་ནས་དལ་བུར་ཐོན་ཏེ་ཀོང་ཤིས་ནན་ཉིང་གི་ཕྱོགས་སུ་སྐྱོད། ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྗེས་རྟག་ཏུ་ས་གནས་གཉིས་དབར་འགྲོ་འོང་བྱེད་མཁན་ཀུའེ་དབྱང་གྲོང་ཁྱེར་གྱི་གྲོང་མི་ཁྲང་ཅན་ལ་གདམ་ག་གསར་པ་ཞིག་བྱུང་ཞིང་། ཁོང་གིས“ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལས་མི་འགོར་བ་མ་ཟད། ད་དུང་ཁ་པར་རྒྱག་ཐུབ་པས་ལས་ཀར་འཐུས་ཤོར་སྤུ་ཙམ་ཡང་འགྲོ་གི་མི་འདུག”ཅེས་བཤད།
དེ་སྔ་མྱུར་བགྲོད་ལྕགས་ལམ་ཐོག་བརྡ་རྟགས་ཡག་པོ་མེད་པས་ཕུག་ལམ་ནང་འཛུལ་མ་ཐག་ཁ་པར་གྱི་བརྡ་རྟགས་ཆད་ཀྱི་ཡོད། ད་ཆ་ཁྲང་ཅན་དང་འདྲ་བར་ཡུལ་སྐོར་བ་མང་པོ་ཞིག་ལ་མྱོང་ཚོར་གཅིག་མཚུངས་བྱུང་ཡོད་པ་སྟེ། མྱུར་བགྲོད་ལྕགས་ལམ་ཐོག་གི་བརྡ་རྟགས་ཇེ་ལེགས་སུ་ཕྱིན་ནས་ཐ་ན་ཕུག་ལམ་སྒྲོལ་སྐབས་ཀྱང་ཁ་པར་རྒྱག་ཐུབ་ཀྱི་ཡོད་པ་རེད།
ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་ལ་ཆ་བཞག་ན། ན་ནིང་ཟླ་8པར་ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེ་ནི་ཀུའེ་ཀྲོའུ་ཡི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་པའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཡིན་ལ། ཀུའེ་ཀྲོའུ་ཡི་4G+5Gདྲ་རྒྱ་ཁྱབ་པའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེའང་ཡིན་པ་རེད། རི་བོ་མཐོ་ལ་གྲོག་རོང་གཡང་གཟར་བའི་རྐྱེན་གྱིས་ཟམ་པ་དང་ཕུག་ལམ་90%ཟིན་གྱི་ཡོད། ཀུའེ་ཀྲོའུ་དུམ་བུ་ཁོ་ནར་ཕུག་ལམ་68ཡོད་པ་དེའི་སྤྱིའི་རིང་ཚད་སྤྱི་ལེ་133ཟིན་གྱི་ཡོད། “དུས་གཅིག་ཏུ་འཆར་འགོད་དང་། ཇུས་འགོད། ཨར་ལས། ཞིབ་བཤེར་རྩིས་ལེན”བཅས་བྱེད་པའི་རྩ་དོན་གཞིར་བཟུང་། ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་ལ“མྱུར་བགྲོད་ལྕགས་ལམ་ཤར་གཏོང་དང་འཕྲིན་གཏོང་ཀུན་ཁྱབ”ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་བ་རེད།
ཀྲུང་གོ་ལྕགས་ལམ་ཁང་གཉིས་པའི་ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་གཞུང་ལམ་དྲ་བའི་ལས་གྲྭའི་སྤྱི་ཁྱབ་འགན་འཁུར་བ་ལེའང་ཡིང་གིས། དུས་འགོའི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་ཨར་སྐྲུན་ཕྱོགས་ཀྱིས་ཀུའེ་ཀྲོའུ་དུམ་བུར་ལྕགས་ལམ་གློག་སྒམ་ཁག་94མཉམ་སྐྲུན་མཉམ་སྤྱོད་བྱས་པ་དང་ལྕགས་ལམ་གློག་སྒམ་ཁག་53རྒྱ་སྐྱེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཀྲུང་གོ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཀུའེ་དབྱང་གློག་དོན་དུམ་བུའི་འཕྲིན་གཏོང་ལག་རྩལ་ཁོའོ་ཡི་ལས་རོགས་བཟོ་བཀོད་པ་ཀའོ་ཀྲུང་ཡུས་ཀྱིས། ཀུའེ་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་དེ་ལྕགས་ལམ་གཞན་དག་དང་བསྡུར་ཚེ། ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་སྒྲིག་ཆས་ཀྱི་ཉེན་བརྡའི་ནུས་པ་རིམ་སྤོར་བྱུང་ཡོད། “གློག་སྐུད་སྐྱོན་ཤོར་བ་དང་། གློག་ཤུགས་མི་འདང་བ། འཕྲོ་ཟློས་བརྒྱུད་ལམ་ལ་འགྱུར་བ་སོགས་ཚང་མ་ནས་དེ་མཚུངས་ཀྱི་ཉེན་བརྡ་གཏོང་ཐུབ་ཀྱི་ཡོད་པས། ལག་རྩལ་མི་སྣའི་གྲལ་བཤེར་བྱེད་པའི་དུས་ཚོད་གྲོན་ཆུང་ཐུབ་པ་དང་བཟོ་བཅོས་བྱེད་ཚད་དེ་བས་གནད་སྨིན་དང་ཕན་འབྲས་ཆེ་བ་ཡོང་བར་རོགས་རམ་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཀུའེ་ཀྲོའུ་ཡིས་ཞིང་ཆེན་ནང་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་མང་པོར་5Gའཕྲིན་གཏོང་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་ཡིན་པ་རེད། ལག་རྩལ་གསར་པ་རྒྱུན་མཐུད་ཐོན་པ་དང་བསྟུན་ནས་མྱུར་ཚད་དེ་བས་མགྱོགས་པ་དང་། ཁྱབ་རྒྱ་དེ་བས་ཆེ་བ། དྲ་རྒྱ་དེ་བས་བརྟན་པ་བཅས་བྱུང་སྟེ་མྱུར་བགྲོད་ལྕགས་ལམ་གྱི་འགྲུལ་པས་འཕྲིན་གཏོང་དེ་བས་ལེགས་པར་སྤྱོད་ཐུབ་རྒྱུ་རེད།
(བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)