《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月11日

མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་8ལ་ཞིབ་བཤེར་རྩིས་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར་ཅུས་དེས་ད་ལོ་ལག་ལེན་བསྟར་བའི་རྣམ་གྲངས་ཁྲོད་རྣམ་གྲངས་8ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱས་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་མཇུག་འགྲིལ་བའི་རྣམ་གྲངས་ཁྲོད་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་དང་། ཆེད་ལས་སྒྲིག་ཆས་ཉོ་སྒྲུབ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྨང་གཞིའི་ཚན་ཞིབ། རང་བྱུང་ཐོན་ཁུངས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་པར་ཁྱོན་མ་དངུལ་སྒོར་ཁྲི་3100བཏང་ཡོད། རྣམ་གྲངས་ལག་ལེན་བསྟར་རིང་། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་གཏན་འབེབས་དང་བླང་བྱ་ཁག་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་ནན་པོ་བྱས་ཤིང་། ལས་ཀའི་འཆར་ཅན་ཚོགས་འདུའི་ཐོག་ལས་ཀའི་འཕེལ་རིམ་བརྡ་ཁྱབ་བཏང་ནས་འགག་སྒྲོལ་གྱི་ཁ་ཕྱོགས་གཏན་འཁེལ་བྱས་པ་དང་། དུས་ངེས་མེད་ལ་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་སྒྲིག་འཛུགས་བྱས་ཏེ་སྐུལ་འདེད་ཚོགས་འདུ་འཚོགས་ནས་འགག་གནད་དང་དཀའ་གནད་ལ་དབྱེ་ཞིབ་དང་ཐག་གཅོད་བྱས་ནས་རྣམ་གྲངས་ཀྱི་འཕེལ་རིམ་ལ་དམ་འཛིན་བྱས་པ་རེད། དེ་དང་ཆབས་ཅིག ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་དང་བརྒྱུད་རིམ་ལ་ནན་པོར་གཞིགས་ནས་འབྲེལ་གཏུག་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ལས་མཇུག་འགྲིལ་བའི་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་དང་ཐོ་འགོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

མིག་སྔར་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་ཁོངས་སུ་ལག་ལེན་བསྟར་བའི་2023ལོའི་ལོ་འཁོར་གྱི་ཀྲུང་དབྱང་ནགས་ལས་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་མ་དངུལ་རྣམ་གྲངས་ཁྲོད་འཆར་འགོད་བྱས་པའི་པུའུ་ཧཱ་གཙང་པོའི་སྲུང་རགས་ཀྱི་སྐྱེ་ཁམས་སླར་གསོ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད། འདམ་རའི་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་ཉོ་སྒྲུབ། རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་པ་འཛུགས་སྐྱོང་སོགས་ཀྱི་རྣམ་གྲངས་དག་ཟླ་བ་གཉིས་ཙམ་རིང་འཕེལ་རིམ་གྱི་འགག་སྒྲོལ་བྱས་པ་བརྒྱུད། ཚང་མ་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ནས་ཉེ་དུས་རང་བཤེར་དང་ཞིབ་བཤེར་རྩིས་ལེན་དང་དེ་བཞིན་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན་པ་རེད། མཚོ་སྔོན་པོའི་སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་ཀྱི་རྨང་གཞིའི་ལས་སྟེགས་དང་མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་རྒྱལ་སྤྱིའི་འདམ་ར་གལ་ཆེན་ཉམས་གསོའི་ཇུས་གཞི་སོགས་ཀྱི་རྣམ་གྲངས་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ཏེ་ལས་འགན་ཁག་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།