འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། ལྗོངས་ཡོངས་ཀྱིས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་དམ་པོར་དམིགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུ་གཞི་རྟེན་དང་དམ་འཛིན་བྱ་གཞིར་བྱས་ཏེ་འབད་འབུངས་མདུན་སྐྱོད་དང་། དཔའ་སྐྱེད་མདུན་སྐྱོད། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པའི་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལས་དོན་ཇུས་གཞི་བཟོས་ནས་བཀྲམ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་ཤེས་བྱའི་ཀློག་དེབ་ཁྲི་1རྩོམ་འབྲི་བྱས་ནས་བཀྲམ་ཡོད། ལོ་སྟོད་དུ། རིམ་རྩིས་བརྒྱབ་ན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་6000ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་150ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། ཚགས་པར་དང་། དྲ་རྒྱ། དུད་སྣེ། སྐད་འཕྲིན། བརྙན་ལམ་བཅས་ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་ལམ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་རིམ་སྤེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་རིམ་སྤེལ་བརྙན་ལམ་ཐུང་ངུ་དང་། འགུལ་རིས། དྲིལ་བསྒྲགས་པར་གཞི་སོགས་སྣ་ཁ་27པར་དུ་བླངས་ལ། སློབ་གྲྭ་འབྲིང་ཆུང་ལ་རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་འབྲི་བྱས་པའི་སློབ་གཞི་རྒྱ་ཁྱབ་སྤྱོད་པ་དང་། ཆོས་ལུགས་ལས་རིགས་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ། གཅིག་སྡུད་གསོ་སྦྱོང་དང་མཚན་མོའི་སློབ་གྲྭ་གཉེར་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱ་ཁྱབ་སྤྱད་པའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཡོད།
《ཀྲུང་ཧྭ་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཏེ། བོད་ཀྱི་བམ་པོའི》ལོ་རྒྱུས་རྒྱུ་ཆ་བདམས་སྒྲིག་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རིང་། མིག་སྔར་ཡིག་འབྲུ་ཁྲི་280ཟིན་པའི་ལོ་རྒྱུས་རྒྱུ་ཆ་བདམས་སྒྲིག་བསྡུ་རུབ་དང་། ལེགས་སྒྲིག གྲངས་གཞིར་འཇུག་པ་བཅས་ནུས་ལྡན་ཐུབ་པ་དང་། 《བོད་ཀྱི་མི་རིགས་དུས་དེབ་2000ལོ་ནས་2020ལོ་བར》གྱི་དཀར་ཆག་ཆེན་པོ་བྲིས་ཟིན་ནས་འབྲེལ་ཡོད་ཀྱི་དཔྱད་གཞི་བསྡུ་རུབ་དང་ལེགས་སྒྲིག་བྱས་ཡོད། 《བོད་ཀྱི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་རྒྱུ་ཆ་ལེགས་སྒྲིག་དང་ཞིབ་འཇུག》དང《བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐབས་ལམ་མང་པོའི་ཞིབ་འཇུག》སོགས་ཞིབ་འཇུག་བྱ་གཞི་ཁག་6སྒྲིག་འཛུགས་དང་ཞིབ་འཇུག་བྱས་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གྱི་གཟུགས་བརྙན་དང་། ཀྲུང་ཧྭའི་རིག་གནས་སྤུས་རྟགས་གསར་རྩོམ་བརྒྱུད་སྤེལ་སོགས་འཛུགས་སྐྱོང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་རྫོང(ཆུས་དང་གྲོང་ཁྱེར)74ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་རིག་གནས་ཐང་ཆེན(བར་ཁྱམས)བསྐྲུན་ཡོད།
བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་འཛུགས་གཏོད་ཀྱི་མིང་འདོགས་དོ་དམ་བྱ་ཐབས་དང་། དཔེ་མཚོན་ལ་ཚད་ལེན་དཔྱད་བསྡུར་གྱི་དམིགས་ཚད་མ་ལག་བཟོ་བཅོས་བརྒྱབ་ནས་བཏོན་ཏེ། དུས་བསྟུན་འཕེལ་རྒྱས་ཀྱིས་འཛུགས་གཏོད་ལས་དོན་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན(མི་སྒེར)ཚན་པ་འཛུགས་གཏོད་དང་། འདུན་ཞུའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། སྟག་རྩེ་ཆུས་སོགས་རྫོང(ཆུས་དང་གྲོང་ཁྱེར)8དང་རྣམ་གླིང་རྫོང་མཚར་ཤང་གི་དཔེ་སྟོན་ཚན་པ་སོགས་ཚན་པ་9སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པར་མིང་བཏགས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་འོས་སྦྱོར་དང་དཔྱད་འདེམས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ལ་ལྗོངས་ཡོངས་ཀྱི་དཔེ་མཚོན་མཉམ་སྡེབ་15དང་དཔེ་མཚོན་མི་སྒེར་16འོས་སྦྱོར་དང་། མི་རིགས་ཀྱི་ལས་དོན་སྒྲུབ་མཁན་ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་ཟླ་བའི་བཀོད་གཏོང་ལམ་ལུགས་བཟོ་རྒྱུ་དོན་འཁྱོལ་དང་ཁོངས་མིའི་ཚན་པ་130ལྷག་ཙམ་གྱི་གཙོ་གནད་ལས་འགན་སྐུལ་འདེད་རེའུ་མིག་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་མ་ཟད། རྗེས་སྙེག་གིས་གནས་ཚུལ་རྒྱུས་ལོན་དང་། གནད་དོན་ཤེས་པ། དཀའ་ངལ་སེལ་བ་བཅས་བྱས་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། སྒྲོན་ལགས་དང་པ་ཚེས་ཞུས)