འདི་ག་ཚགས་པར་གྱི་གསར་འགོད་པ། ཏེང་ཅན་ཧྲེང་།
2023ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས“ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་ཐུན་མོང་ཐོག་བསྐྲུན་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་ལེན་བསྟར་བ་དང་། ཚད་གཞི་དང་སྤུས་ཚད་མཐོན་པོས་ཕིང་ཐང་ཅང་གཙང་པོ་ནས་ལུའུ་ཝུའུ་ཅང་གཙང་པོའི་བར་གྱི་མིས་བཟོས་གཙང་པོ་བསྐྲུན་པ། བྱང་རྒྱུད་མཚོ་ཁུག་གི་རྒྱལ་སྤྱིའི་གཙོ་ཆེའི་གྲུ་ཁ་ཆུ་ཚད་མཐོན་པོས་བསྐྲུན་པ་བཅས་བྱས་ཏེ་ཆུ་ལམ་དང་། ལྕགས་ལམ། མཚོ་ཐོག་བཅས་ཀྱི་སྣ་མང་མཉམ་འབྲེལ་གྱི་སྐྱེལ་འདྲེན་ནུས་པ་དང་རང་འགུལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།
2022ལོའི་ཟླ་8པར་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་ཕིང་ཐང་ཅང་གཙང་པོ་ནས་ལུའུ་ཝུའུ་ཅང་གཙང་པོའི་བར་གྱི་མིས་བཟོས་གཙང་པོ་དེར་བསྐྲུན་ཟིན་རྗེས་ཀྲུའུ་ཅང་གཙང་པོ་ནས་ཤིས་ཅང་གཙང་པོའི་བར་གྱི་མཚོ་ལམ་གཉིས་པ་གཏོད་རྒྱུ་དང་། ཐེག་ཚད་ཏུན་5000ཟིན་པའི་གཙང་པོ་དང་རྒྱ་མཚོའི་ཐད་སྐྱོད་གྲུ་གཟིངས་ཀྱིས་ཤིས་ཅང་གཙང་པོའི་ནང་ཁོངས་ཆུ་བོའི་གྲུ་ཁ་ནས་རང་རྒྱལ་གྱི་མཚོ་རྒྱུད་གྲུ་ཁ་དང་ཨེ་ཤེ་ཡ་ཤར་ལྷོའི་གྲུ་ཁ་གཙོ་བོར་ཐད་ཀར་ཤར་གཏོང་ཐུབ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་དེ་བས་འབྲེལ་མཐུད་ཐུབ་རྒྱུ་རེད། མིག་སྔའི་བར། ཕིང་ཐང་ཅང་གཙང་པོ་ནས་ལུའུ་ཝུའུ་ཅང་གཙང་པོའི་བར་གྱི་མིས་བཟོས་གཙང་པོར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་445.4བཏང་བ་དེས་ལས་གྲྭའི་རགས་རྩིས་ཀྱི་61.2%ཟིན་པ་དང་ས་རྡོ་སྔོག་འདོན་དང་གྲུ་འགག་གི་ཨར་འདམ་ལུགས་རྒྱག་སོགས་ཚང་མ་འཕེལ་རིམ་ལེགས་པོ་བྱུང་ཡོད་པ་རེད། “ཕིང་ཐང་ཅང་གཙང་པོ་ནས་ལུའུ་ཝུའུ་ཅང་གཙང་པོའི་བར་གྱི་མི་བཟོས་གཙང་པོ་གཞི་ཁྱོན་ཆེན་པོས་སྔོག་པའི་ཨར་ལས་ཀྱི་དུས་ཚོད་ཡོལ་ནས་ལྟེ་བ་ཆེན་པོ་གསུམ་གྱི་ལྕགས་རིགས་གྲུབ་ཆའི་སྒྲིག་ཆས་ཕྱོགས་ཡོངས་ནས་ཐོན་སྐྱེད་བཟོ་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད”ཅེས་ཕིང་ཐང་ཅང་གཙང་པོ་ནས་ལུའུ་ཝུའུ་ཅང་གཙང་པོའི་བར་གྱི་མིས་བཟོས་གཙང་པོ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཝང་ཅེ་ཡུན་གྱིས་བཤད་པ་རེད།
ཚད་གཞི་དང་སྤུས་ཚད་མཐོན་པོས་ཕིང་ཐང་ཅང་གཙང་པོ་ནས་ལུའུ་ཝུའུ་ཅང་གཙང་པོའི་བར་གྱི་མིས་བཟོས་གཙང་པོ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་ལྟེ་བ་ཡིན་པའི་ཀོང་ཤིས་ཀྱི་གནས་བབ་དང་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད། ད་ལོའི་ཟླ་བ་1ནས་10པའི་བར། ཀོང་ཤིས་བྱང་རྒྱུད་མཚོ་ཁུག་གྲུ་ཁའི་མཚོ་ཐོག་དང་ལྕགས་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་42སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་7.7%འཕར་བ་དང་། བགྲོད་ལམ་རྒྱུད་ཀྱི་ཞིང་ཆེན་གྱིས་ཀོང་ཤིས་འགག་སྒོ་བརྒྱུད་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་5489.43ཟིན་པ་དེ་དུས་མཚུངས་ལས་13.32%འཕར་ཡོད་པ་རེད།
མིག་སྔར། ཧོང་ཐུང་ནས་པའེ་སེ་བར་གྱི་ལྕགས་ལམ་མགྱོགས་མྱུར་བསྐྲུན་པ་དང་། ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཧྥང་ཁྲེང་ཀང་ནས་ཏུང་ཤིང་བར་གྱི་ལྕགས་ལམ་སྔ་རྗེས་སུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ། ནན་ཉིང་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ T3གནམ་ཐང་ཁུལ་དང་དེ་བཞིན་ལེ་ལག་ཚང་བའི་སྒྲིག་བཀོད་ལས་གྲྭ་བཅས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། ནན་ཉིང་དུ་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོའི་འགྲོ་འོང་ཅུས་འཛུགས་རྒྱུའི་ཆོག་མཆན་ཐོབ་པ། “སྐམ་མཚོ་མཁའ་གསུམ་དང་གྲངས་གཞི”བཅས་ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་པ་མགྱོགས་མྱུར་བསྐྲུན་ཡོད་པ་རེད། ད་ལོའི་ཟླ་བ་1ནས་10པའི་བར། ཀོང་ཤིས་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1.7ཟིན་པ་དང་། ས་མཚམས་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་ཡོ་བྱད(གནམ་གྲུ་དང་། མེ་འཁོར། གྲུ་གཟིངས)ཁྲི་127ཟིན་པ་དེ་དུས་མཚུངས་ལས་45.7%འཕར་བ། ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་1156.6ཟིན་པ་དེ་དུས་མཚུངས་ལས་85.2%འཕར་ཡོད་པ་རེད།
“‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་བཀོད་སྒྲིག་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ང་ཚོས་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་དང་། སྒྲིག་སྲོལ་ཚད་གཞི་སྦྲེལ་མཐུད། དེ་བཞིན་མཉམ་སྐྲུན་རྒྱལ་ཁབ་ཀྱི་་མི་དམངས་དང་སེམས་པ་གཅིག་ཏུ་སྦྲེལ་བ་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་ཟོག་འགྲེམས་གཞི་ཁྱོན་དང་འཁོར་སྐྱོད་ཀྱི་སྤུས་ཚད་ཡག་ཏུ་དང་ཕན་འབྲས་ཆེ་རུ་ཤུགས་ཆེན་བཏང་ནས་བགྲོད་ལམ་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཡིན། ཀོང་ཤིས་འདི་ཉིད་ཕྱོགས་བཞི་ཀུན་འདྲེས་དང་གནམ་འོག་ཀུན་དང་སྦྲེལ་བའི་རྒྱལ་ནང་དང་རྒྱལ་སྤྱི་རེས་སྐོར་གྱི་ཁྲོམ་རའི་གཉེར་སྐྱོང་བྱེད་བདེ་སར་བསྐྲུན་རྒྱུ་ཡིན”ཞེས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཉིང་གིས་བརྗོད།