འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད། ཚེས་5དང་ཚེས་6ཉིན་བོད་ལྗོངས་ཀྱིས་ཆེད་དོན་ཚན་ཁག་སྒྲིག་འཛུགས་བྱས་ནས་ཧྲང་ཧའེ་རུ་བསྐྱོད་དེ། མཐོ་སློབ་སློབ་ཐོན་སློབ་མའི་སྟོན་དུས་ཀྱི་ཆེད་དོན་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཧྲང་ཧའེ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁང་དང་ཧྲང་ཧའེ་གྲོང་ཁྱེར་ཞུས་ཧུའེ་ཆུས་ཞེ་ཐུའུ་ཁྲོམ་གཞུང་དོན་གཅོད་ཁང་དང་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཞབས་ཞུའི་ཆེད་དོན་ཚན་ཁག་སྒྲིག་འཛུགས་བྱས་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་ཧ་ཅང་དོད་ཅིང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཁྱེར་ནས་ལས་མི་བསྡུ་སར་ཕར་འགྲོ་ཚུར་འོང་གིས་རང་གི་འདོད་བློ་དང་མཐུན་པའི་ལས་ཞུགས་ལས་གནས་འཚོལ་བཞིན་འདུག ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོའི་ནང་མི་སྤྱོད་ཚན་པ་140གདན་དྲངས་ནས་ཁྱོན་ལས་གནས་1226མཁོ་འདོན་བྱས་པའི་གྲས་སུ་གློག་རྡུལ་ཆ་འཕྲིན་དང་། ནུས་རྒྱུ་གསར་པ། སྨྱན་སྦྱོར་གསར་པ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་10པའི་ཟླ་མཇུག་བར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་1041བདེ་བླག་ངང་སྤེལ་བ་དང་། ཁེ་ལས་ཁྲི་1.91ཙམ་སྒྲིག་འཛུགས་བྱས་པ། རིམ་རྩིས་བྱས་ན་ལས་གནས་ཁྲི་21.09མཁོ་འདོན་བྱས་པ། མཐོ་སློབ་སློབ་ཐོན་སློབ་མ་སོགས་རིགས་ཁག་གི་ཚོགས་སྤྱི་ཁྲི་7.5ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་བཅས་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)