《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月10日

ཧྥུའུ་ཅན་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བཏོད་པ།

འདི་ག་ཚགས་པར་གྱི་གསར་འགོད་པ།

ཉིན་30ཡི་རིང་། ཚོད་ལྟ་ཐེངས་བརྒྱ་ཙམ་བྱས་པ་བརྒྱུད་མཐར་ཉིའུ་ཙའེ་རས་ཆ་མཛོད་འཇུག་བྱེད་སྐབས་རུལ་སླ་བའི་དཀའ་གནད་ཐག་གཅོད་ཐུབ་ཡོད། ལི་ལང(ཀྲུང་གོ)ཚད་ཡོད་ཀུང་སིར་དཀའ་གནད་དེ་འཕྲད་ནས་ལོ་གཉིས་ཙམ་ཕྱིན་ཞིང་། ཧྥུའུ་ཅན་ཞིང་ཆེན་ཚི་སྣ་ཞིབ་བཤེར་ལྟེ་གནས་ཀྱི་རྒྱབ་སྐྱོར་འོག་གྲུབ་འབྲས་དེ་ཞིང་ཆེན་ནང་ཁུལ་དུ་རིན་མེད་ངང་ཁྱབ་གདལ་བཏང་ཡོད།

ལྷམ་དང་གྱོན་ཆས་ནི་ཧྥུའུ་ཅན་གྱི་སྲོལ་རྒྱུན་ལེགས་ཆའི་ཐོན་ལས་ཤིག་ཡིན་ཞིང་། ཧྥུའུ་ཅན་ཞིང་ཆེན་ཚི་སྣ་ཞིབ་བཤེར་ལྟེ་གནས་ཀྱིས་རྒྱུ་ཆ་གསར་པ་གསར་སྤེལ་དང་ལག་རྩལ་རོགས་སྐྱོར་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་ལོ་གསུམ་རིང་ཁེ་ལས(ཐེངས)1500ལ་བརྟག་དཔྱད་བྱས་ནས་ལག་རྩལ་གྱི་དཀའ་གནད་1600ཙམ་ཐག་གཅོད་བྱས་ཡོད།

འདི་ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས།“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་གཏོད་དགོས”ཞེས་གསུངས་ཡོད། མངགས་བཅོལ་ཟབ་མོ་བློ་ལ་བཅངས་ནས་རྒྱུན་སྲིང་ལག་བསྟར་བྱས། 2021ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས“གསར་གཏོད་དམ་འཛིན་ཐད་དབྱེ་བ་མེད། རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་ཚེ་རྒྱལ་ཁབ་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་སྲིད”ཅེས་ནན་བཤད་གནང་ཡོད།

རྒྱལ་ནང་གི་ལག་རྩལ་སྒྲིག་ཆས་གལ་ཆེན་ཐོག་མ་དང་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་གྲངས་འཛིན་མ་ལག་དང་འགག་རྩའི་ལྷུ་ལག་སྤྱད་དེ་ཧྥུའུ་ཅན་ཝུའེ་ནུའོ་གྲངས་འཛིན་ཚོད་འཛིན་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་དངོ་གཉིས་ལྡན་གྱི་གཞོག་གྲི་ལས་སྣོན་འཁོར་སྟེགས་ལ་འདི་ལོ་ཀྲུང་གོའི་འཁོར་སྟེགས་ལག་ཆ་བཟོ་ལས་མཐུན་ཚོགས་ཀྱིས་སྤྲད་པའི“ཁུག་རྟའི་བྱ་དགའ”ཐོབ་ཡོད། “ང་ཚོས་ཀྲུང་གོ་འཕྲུལ་ཆས་ཚན་རིག་ཞིབ་འཇུག་སྤྱི་ཁྱབ་ཁང་དང་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་སོགས་ཚན་པ་དང་མཉམ་ལས་བྱས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་དང་ཞིང་ཆེན་རིམ་པའི་ཁུལ་ཁོངས་ཀྱི་གཙོ་གནད་ཚན་རྩལ་རྣམ་གྲངས་མང་པོའི་འགན་འཁུར་ཡོད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་ཝུང་ཆང་གིས་ངོ་སྤྲོད་བྱས་བྱུང་།

ཉེ་བའི་ལོ་ལྔའི་རིང་། ཧྥུའུ་ཅན་གྱིས་དམངས་གཉེར་ཚན་རྩལ་ཁེ་ལས་ཀྱིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་100ལྷག་ཙམ་དང་ཁུལ་ཁོངས་རྣམ་གྲངས་600ལྷག་ཙམ་ལག་བསྟར་བྱ་རྒྱུའི་འགན་འཁུར་བར་རྒྱབ་སྐྱོར་བྱས་ཡོད། འདི་ལོའི་ཟླ་6པར། ཧྥུའུ་ཅན་གྱིས་དམངས་གཉེར་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོའི་གནས་བབ་སྔར་བས་བརྟན་དུ་གཏོང་བའི་ཆེད་དོན་བྱ་ཐབས་བཏོན་ཞིང་། མིག་སྔར། ཧྥུའུ་ཅན་གྱི་དམངས་གཉེར་ཁེ་ལས་ཀྱིས་ལེགས་སྐྱེས་ཕུལ་བའི་ཞིབ་སྤེལ་མ་འཇོག་དང་ཚན་རྩལ་གྲུབ་འབྲས་ཀྱིས་ཞིང་ཆེན་དེ་ཡོངས་ཀྱི་70%ཡན་བཟུང་བ་དང་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཁྲོད་95%ཡན་ནི་དམངས་གཉེར་ཁེ་ལས་ཡིན་པ་རེད།

ཧྥུའུ་ཅན་གྱི་གསར་གཏོད་ཚོད་ལྟ་ཁང་2019ལོར་བཙུགས་པ་དང་དེ་ནི་ཧྥུའུ་ཅན་ཞིང་ཆེན་གྱི་གསར་གཏོད་ཚོད་ལྟ་ཁང་ཁག་དང་པོ་བཞིའི་གྲས་ཤིག་རེད། “ཚོད་ལྟ་ཁང་གིས‘ཐོན་སྐྱེད’དང‘ཞིབ་འཇུག’ཕྱོགས་གཉིས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་ལས་ཕྱོགས་དང་མ་འཇོག་ཕྱོགས་ཀྱིས་ཚན་ཞིབ་རྣམ་གྲངས་ལ་ཞུགས་པར་བརྟེན་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་སྦྲེལ་མཐུད་ཡག་པོ་བྱུང་ཡོད”ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཧྥུའུ་ཅན་གསར་གཏོད་ཚོད་ལྟ་ཁང་གི་ཀྲུའུ་རེན་ཧུང་མའོ་ཁྲུན་གྱིས་མིག་སྔར་ཚོད་ལྟ་ཁང་གིས་འགག་རྩའི་ལྟེ་བའི་ལག་རྩལ་80ལྷག་ཙམ་ཚད་བརྒལ་བྱས་པ་མ་ཟད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཁག་30ལྷག་ཙམ་ལེགས་གྲུབ་བྱས་ཡོད། དེ་དང་ཆབས་ཅིག་རིམ་རྩིས་བརྒྱབ་ན། ཚན་ཞིབ་གྲུབ་འབྲས་170ལྷག་ཙམ་གཞན་སྒྱུར་བྱས་ནས་ཁེ་ལས་ལ་གསར་འཕར་རིན་ཐང་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་པར་སྣེ་ཁྲིད་བྱས་ཡོད་ཅེས་བཤད།

ཞིང་ཆེན་རིམ་པ་ཡན་གྱི་གཙོ་གནད་ཚོད་ལྟ་ཁང་277དང་། ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་220 ཚན་རྩལ་ཁེ་ལས་སྐྱོང་གསོ་ཁང་69 ཀུན་གཏོད་བྱ་ཡུལ་369བཅས་ཡོད་པས། ཧྥུའུ་ཅན་གྱི་ཚན་རྩལ་སྟེགས་བུའི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མ་ཟད། འཁོར་འབྲེལ་ཧྲིལ་པོའི་སྐྱོང་གསོའི་མ་ལག་ཀྱང་བཙུགས་ཡོད།

ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་ཁྲེན་ཀྲི་དབྱང་གིས“ས་གནས་གཉིས་སུ་གནས་ཀྱང་དྲ་ཐོག་དང་དྲ་ཕྱིའི་མཉམ་ལས་དམ་ཟབ་ཡོད་ལ། ཚན་ཞིབ་གྲུབ་འབྲས་ཁག་20ལྷག་ཙམ་མཁའ་འགྲུལ་དང་། འཇིག་རྟེན་འཕུར་སྐྱོད། ཉིང་རྡུལ་གློག་ཁང་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱད་ཡོད། ཀུང་སིས་ལོ་རེར་ནུས་ཆེའི་དཔྱད་ཆས་ཁྲི་70ལྷག་ཙམ་ཐོན་སྐྱེད་བྱས་པ་དེས་རྒྱལ་ནང་གི་མངོན་ཆས་ཚོད་འཛིན་དཔྱད་ཆས་ཀྱི་གསུམ་ཆ་གཅིག་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

ཧྥུའུ་ཅན་གྱིས་ཤེས་ལྡན་པ་ནང་འདྲེན་གྱི་སྟབས་བསྟུན་རང་བཞིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལོ་བཅུའི་རིང་རིམ་རྩིས་བརྒྱབ་ན་མཐོ་མཁས་རྩེ་དཀོན་གྱི་ཤེས་ལྡན་པ་944(ཚོགས་པ)ནང་འདྲེན་བྱས་པ་དང་རྒྱལ་ཁབ་ཀྱི་ཤེས་ལྡན་པ་དང་རིག་སྟོབས་ནང་འདྲེན་གྱི་ལས་སྟེགས་29བསྐྲུན་ཡོད། དེ་དང་དུས་མཚུངས“དཔྱད་རྩོམ་ཁོ་ནར་གཞི་འཛིན་པའི”གདེང་འཇོག་སྟོན་ཕྱོགས་མེད་པར་བཟོས་པ་དང་། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་དང་ཕན་འབྲས་བྱ་དགར་རང་རྟེན་དབང་ཆ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་པར་བརྟེན། ཚན་ཞིབ་པའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་ཡོད།

གྲངས་གཞི་ཁག་ལས་ཧྥུའུ་ཅན་ཚན་རྩལ་གསར་གཏོད་ཀྱི་ཕན་འབྲས་ར་སྤྲོད་ཐུབ་སྟེ། ལོ་བཅུའི་རིང་མཐོ་གསར་ལག་རྩལ་ཁེ་ལས་1783ནས་14561བར་མང་དུ་ཕྱིན་པ་དང་། ལག་རྩལ་གན་རྒྱ་ཐོ་འགོད་ཀྱི་ཚོང་འགྲིག་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1633.81ཟིན་ནས་ལོ་རེར་ཆ་སྙོམས་21.4%འཕར་ཡོད།

(པ་སངས་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)