འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱས་པར། ད་ལོ་ནས་བཟུང་། མཚོ་ནུབ་ཀྲོའུ་ཡིས་ཞིང་འབྲོག་པའི་དུད་ཚང་གི་གསང་སྤྱོད་ལ་སྒྱུར་བཀོད་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་བརྟན་པོ་བཏང་བ་རེད། མིག་སྔའི་བར། ཀྲོའུ་ཡོངས་ཀྱི་དུད་ཚང་277གྱི་གསང་སྤྱོད་ལ་སྒྱུར་བཀོད་བྱས་པར། སྔོན་གཏན་འཁེལ་བའི་འཛུགས་སྐྲུན་དམིགས་ཚད་219ཡི་126%ལེགས་གྲུབ་ཟིན་པ་དང་། ཞིབ་བཤེར་རྩིས་ལེན་ཐུབ་ཚད་100%ཟིན་པ། མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་ཡོད།
འཛུགས་སྐྲུན་བྱེད་སྟངས་ཐད་གཅིག་གྱུར་འཛུགས་སྐྲུན་དང་རང་ངོས་འཛུགས་སྐྲུན་བྱེད་སྟངས་གཉིས་ཁ་གསལ་བཟོས་པའི་ནང་། གཅིག་གྱུར་འཛུགས་སྐྲུན་དེ་གྲོང་རྡལ་དང་གྲོང་ཚོས་ཨར་ལས་རུ་ཁག་སྒྲིག་འཛུགས་བྱས་ནས་གཅིག་གྱུར་ཐོག་བསྐྲུན་རྒྱུ་དང་། རང་ངོས་འཛུགས་སྐྲུན་དེ་གསང་སྤྱོད་སྒྱུར་བཀོད་བྱ་ཡུལ་དུད་ཚང་རང་ཉིད་ཀྱིས་མི་བཙལ་ནས་བསྐྲུན་རྒྱུ་རེད། “སྡོད་ཁང་རེར་གསང་སྤྱོད་རེ་དང་། དུད་ཚང་རེར་སྲིད་ཇུས་རེ”ལག་ལེན་བསྟར་ནས། ཚན་རིག་དང་མཐུན་པའི་གསང་སྤྱོད་སྒྱུར་བཀོད་བྱེད་སྟངས་ལུགས་མཐུན་བདམས་ཏེ། ཆུ་སྦུག་དྲ་བ་གོང་འོག་ཚང་མར་ཤར་གཏོང་གི་ཆུ་བཤལ་གཏོང་ཐུབ་པའི་གསང་སྤྱོད་དང་། དུད་ཚང་དབྱེ་བའམ་ཡང་ན་དུད་སྦྲེལ་གྱིས་ཐག་གཅོད་བྱེད་པའི་ཆུ་བཤལ་གཏོང་ཐུབ་པའི་གསང་སྤྱོད། སྤྱོད་མིག་གཉིས་ལྡན་གྱི་སོ་ཕག་གྲུབ་ཆའམ་ཡང་ན་ཨར་འདམ་ལྕགས་རྩིབ་གྲུབ་ཆའི་སྲོལ་རྒྱུན་གསང་སྤྱོད་སོགས་ཀྱི་ཇུས་གཞི་སྣ་ཚོགས་བཏོན་ཡོད་པ་རེད། སྒྱུར་བཀོད་འཛུགས་སྐྲུན་བྱེད་རིང་རྒྱུ་ཆའི་སྤུས་ཚད་ཀྱི་ཚད་གཞི་དང་ལག་རྩལ་དཔྱད་གྲངས་གཏན་འཁེལ་ནན་པོ་བྱེད་པ་དང་། རྣམ་གྲངས་ཉོ་སྒྲུབ་བརྒྱུད་རིམ་གྱི་འགག་སྒོ་ནན་པོ་སྲུང་བ། ཨར་ལས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གསང་སྤྱོད་ཐོག་མར་ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་སྒྲོལ་བའི་ལམ་ལུགས་ཁྱབ་གདལ་གཏོང་བ། གསང་སྤྱོད་ཐོག་མའི་འཛུགས་སྐྲུན་གྱི་སྤུས་ཚད་ནན་པོ་སྲུང་བ་བཅས་བྱས་ནས། “གསང་སྤྱོད་ཐོག་མར་ཞིབ་བཤེར་རྩིས་ལེན་ཐོབ་པ”ནས“གསང་སྤྱོད་ཚང་མར་ཞིབ་བཤེར་རྩིས་ལེན་ཐོབ་པར”བྱས་ཏེ་སྒྱུར་བཀོད་བྱས་རིགས་ཚང་མ་ལེགས་འགྲུབ་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
མཚོ་ནུབ་ཀྲོའུ་ཡི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པའི་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་དུད་ཚང་ཚང་མར་ངེས་པར་དུ་འཛུལ་བ་དང་། གསང་སྤྱོད་ཚང་མར་ངེས་པར་དུ་ལྟ་བ། དུད་ཚང་ཚང་མར་ངེས་པར་དུ་སྐད་ཆ་འདྲི་བ་བཅས་མཐའ་འཁྱོངས་ཀྱིས་གསང་སྤྱོད་སྒྱུར་བཀོད་ལག་རྩལ་གྱི་ཚད་གཞིར་གཞིགས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་རྩིས་ལེན་བྱས་པ་རེད། གསང་སྤྱོད་སྒྱུར་བཀོད་དྲིལ་བསྒྲགས་དང་། ལག་རྩལ་གསོ་སྦྱོང་། བདེ་ཐང་སློབ་གསོ་སོགས་ཀྱི་རྣམ་པ་བརྒྱུད། ཞིང་འབྲོག་པར་གྲོང་གསེབ་ཀྱི་གསང་སྤྱོད་ཐད“འཛུགས་སྐྲུན་ལས་དོ་དམ་གལ་ཆེ་བའི”འདུ་ཤེས་བཙུགས་ཏེ། གསང་སྤྱོད་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་། དོ་དམ། གཙང་སྦྲ་བཅས་བྱས་ནས། གསང་སྤྱོད་སྤྱོད་པའི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག བཙོག་གཅིན་གཙང་སེལ་བྱེད་པའི་ཐད་གྲོང་ཚོ་ཉུང་ཤས་ཤིག་གིས་མདོང་དྲ་ཁྲིད་ནས་བཙོག་གཅིན་གཙང་སེལ་བྱེད་ས་བཟོ་བ་དང་། གྲོང་ཚོ་ཕལ་ཆེ་བས་འདེབས་འཛུགས་དུད་ཚང་དང་། སྐྱེ་ལྡན་ལུད་ཐོན་སྐྱེད་ཁེ་ལས། སྒྲིག་བཀོད་ཞིང་ལས་སོགས་མཉམ་ལས་ཁང་ལ་བཙོག་གཅིན་དག་སྐྱེ་ལྡན་ལུད་དམ་ཡང་ན་རྒྱུན་གཏན་གྱི་ལུད་ལ་བརྩིས་ནས་བེད་སྤྱོད་བྱས་ཏེ། ས་ཆ་དེ་རང་དུ་གཙང་སེལ་བྱས་ནས་ཐོན་ལས་འཕེལ་རྒྱས་དང་ཁོར་ཡུག་ལེགས་གཏོང་ལ་མཉམ་དུ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱས་པ་རེད།
(སྐལ་མཆོག་གིས་བསྒྱུར། བསྟན་བློས་ཞུས)