《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月08日

དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་བདུན་སྟོང་ཁག་གསུམ་ལ་བགོས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་གི་རྣམ་གྲངས་ལ་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་པ་དེ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཕྱོགས་ཡོངས་ལ་དམིགས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། གསར་འགོད་པས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉེ་བའི་དུས་མཚམས་ཤིག་རིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་ཞབས་ཞུ་དང་དམངས་འཚོ་འགན་ལེན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དེ་རྣམ་གྲངས་འཛུགས་སྐྲུན་དང་ལེ་ལག་ཚང་བའི་སྒྱུར་བཅོས་དང་ཟུང་འབྲེལ་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ཁྲོད་ཀྱི་དོན་ཆེན་དང་བྱ་བ་གལ་ཆེན་ཁག་གཅིག་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་གོང་ནས་འོག་བར་གྱི་རྩ་དོན་ལྟར་རྣམ་གྲངས་གདམ་གསེས་ནན་པོས་ས་ཁོངས་ལས་བརྒལ་བ་དང་རྒྱུག་ཁུལ་ལས་བརྒལ་བའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་སྔོན་ལ་བདམས་ནས་རྣམ་གྲངས་ཚང་མར་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་གི་ངོ་བོ་དང་རྒྱལ་ཁབ་ཀྱི་འདོད་བློ་མངོན་པར་འགན་ལེན་ཧུར་ཐག་བྱས་པ་རེད། མིག་སྔའི་བར། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ཐད་སྤྱོད་པའི་དུས་ཡུན་ཆེས་རིང་བའི་རྒྱལ་བུན་སྒོར་དུང་ཕྱུར་7000ཁག་གསུམ་ལ་བགོས་ནས་ཚང་མ་རྣམ་གྲངས་ཁག་ལ་བཏང་བ་དང་། གཞན་ཡང་། སྒོར་དུང་ཕྱུར་3000བཏང་ནས“གསར་གཉིས”ལས་དོན་ལ་རྒྱབ་སྐྱོར་བྱེད་པར་བཏང་བ་རེད། ད་བར་ལོ་ཧྲིལ་པོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1ཚང་མ་བཏང་ཟིན་པ་རེད། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་གིས་འབྲི་ཆུའི་རྒྱུད་ཀྱི་ལྕགས་ལམ་དང་། གཞུང་ལམ་ཨ་མ། གནམ་ཐང་བཅས་ཀྱི་འཛུགས་སྐྲུན་དང་། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན། བྱང་ཤར་གྱི་ས་ནག་གི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན། “བྱང་གསུམ”ལས་གྲྭ་འཛུགས་སྐྲུན། ཞིང་ལས་ཀྱི་གནས་སྤོས་མི་འབོར་གྲོང་མི་ཅན་དུ་འགྱུར་བའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་སོགས་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་བཅས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

སྤྱི་ཚོགས་ཞབས་ཞུ་དང་དམངས་འཚོ་འགན་ལེན་ཐད། འབྲེལ་ཡོད་ཕྱོགས་ཀྱིས་རྣམ་གྲངས་འཛུགས་སྐྲུན་དང་ལེ་ལག་ཚང་བའི་སྒྱུར་བཅོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲེལ་ཡོད་ཀྱི་སྲིད་ཇུས་དང་། འཆར་འགོད། སྒྲིག་སྲོལ་ལམ་སྲོལ་བཅས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་འཇོག་གི་ཕན་ནུས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མིག་སྔ་དང་ཕུགས་ཀྱི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་གི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། སྲིད་ཇུས་བཟོ་བ་དང་འཆར་གཞི་འགོད་པའི་ཐད་འབྲི་ཆུའི་མ་ལམ་གྲུ་ཁའི་ལྕགས་ལམ་དང་ཆུ་ཐོག་མཉམ་འདྲེན་སྒྲིག་བཀོད་འཆར་འགོད་བཀྲམ་ནས། ལག་ལེན་བསྟར་བ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལ་ཕྱོགས་ཡོངས་ནས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱེད་པ་སོགས་ཞིབ་འཇུག་བྱས་ནས་བཟོས་པ་རེད། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཐད་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རིམ་དབྱེའི་སྨན་བཅོས་མ་ལག་མགྱོགས་མྱུར་འཛུགས་པ། ཐང་རྒོད་ཅན་འགོག་བཅོས་དང་རླུང་གློག་འོད་ཤུགས་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལམ་ལུགས་མཁོ་སྤྲོད་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་བྱ་ཐབས་དང་གསར་གཏོད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་གཏིང་ཟབ་པའི་འགོག་རྐྱེན་བསལ་བ་རེད།