《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月07日

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གྲངས་འབོར་2047བར་ཉུང་འཕྲི་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་4ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱས་པར། ཞིང་ཆེན་དེ་ཡོངས་ཀྱི་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕྱོགས་ཡོངས་ནས་གཙང་བཤེར་བྱེད་ཐེངས་དྲུག་པ་ལེགས་གྲུབ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་2047(བཟོ་བཅོས་རྒྱག་རྩིས་ཡོད་པ་ཁག་192ཚུད་པ)བར་ཉུང་འཕྲི་བྱས་པ་རེད།

ད་ཐེངས་ཀྱི་གཙང་བཤེར་བྱེད་རིང“སུས་བཟོས་ན་དེས་གཙང་བཤེར་བྱེད་པ་དང་། སུས་ལག་བསྟར་བྱས་ན་དེས་འགན་འཁུར་བའི”རྩ་དོན་ལ་གཞིགས་ཤིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་འདོར་གསུམ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་ཚུལ་ལ་དམ་པོར་དམིགས་པ་དང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་ཁག་གཅིག་གོ་མི་ཆོད་པའི་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(རྒྱལ་སྤེལ〔2024〕ཡིག་ཨང་14པ)གཙོར་བཟུང་སྟེ། 2022ལོར་ཕྱོགས་ཡོངས་ནས་གཙང་བཤེར་ཐེངས་ལྔ་པ་བྱས་ཏེ་མུ་མཐུད་ནུས་ལྡན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་བྱ་རྒྱུའི་བསམ་འཆར་བཏོན་པ་ཕུད་ད་དུང་2022ལོའི་ཟླ་7ཚེས་1ཉིན་ནས་2024ལོའི་ཟླ་6ཚེས་30ཉིན་བར་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་ཁྱབ་ཁོངས་ནང་བཅུག་པ་རེད། སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱོན་2735གཙང་བཤེར་བྱས་པ་དང་། གཙང་བཤེར་བྱས་རྗེས་མུ་མཐུད་གོ་ཆོད་པའི་ཡིག་ཆ་1855ཡོད་པའི་གཏན་འབེབས་བྱས་ཤིང་། ཡིག་ཆ་192ལ་བཟོ་བཅོས་བརྒྱབ་པ་དང་། ཡིག་ཆ་688ལག་བསྟར་བྱེད་མཚམས་བཞག་པའམ་གོ་མི་ཆོད་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་བྱས་པ་དེ་ནི་ད་ལྟ་ལག་ལེན་བསྟར་བཞིན་པའི་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་དང་ཁུ་བསྡུ་བྱས་པ་ཞིག་རེད། 2014ལོའི་ཟླ་3ཚེས་1ཉིན་ལག་བསྟར་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བ་དང་ཐོ་འགོད་སྙན་སེང་བྱ་ཐབས》(ཞིང་ཆེན་སྲིད་གཞུང་གི་བཀའ་རྒྱ་ཨང་99པ)ནང་ལོ་གཉིས་རེར་དུས་བཀག་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་ཐེངས་རེ་བྱེད་པའི་ལམ་ལུགས་གཏན་འཁེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་ལས་དོན་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། རྒྱུན་གཏན་ཅན་བཅས་ཀྱི་སྲོལ་ལམ་ཐོག་སྐྱོད་འགོ་ཚུགས་པ་རེད།

རྒྱུན་མཐུད་ངང་ཕྱོགས་ཡོངས་ནས་གཙང་བཤེར་ཐེངས་དྲུག་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕྱོགས་ཡོངས་ནས་གཙང་བཤེར་ཐེངས་ལྔ་པའི་རྨང་གཞིའི་ཐོག་སླར་ཡང་ཁག་300ཉུང་འཕྲི་བྱས་པ་དང་། ད་ལྟ་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མི་མཐུན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡང་མི་འཚམ་པའི་ཡིག་ཆ་འབོར་ཆེན་མེད་པར་བཟོས་པའམ་ཡང་ན་གོ་མི་ཆོད་པའི་ཁྱབ་བསྒྲགས་བྱས་པས། ཁྲིམས་ལུགས་གཅིག་གྱུར་དང་སྲིད་བཀའ་ཐོགས་མེད་ཡོང་རྒྱུར་སྲུང་སྐྱོང་ཐུབ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)