འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ད་ལོའི་ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཁྲིམས་འཛིན་པུའུ་དང་མཉམ་འབྲེལ་ཐོག་པེ་ཅིང་དུ“རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད”ཅེས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་གཞི་རྩའི་བཅའ་ཁྲིམས་ཀྱི་འགན་སྲུང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལི་ཧུང་ཀྲུང་གིས་བསྟན་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་། རྩ་ཁྲིམས་ལག་བསྟར་ལ་སྐུལ་འདེད། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བཅས་བྱེད་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་རྩ་ཁྲིམས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་ཡིན་པའི་ངོ་བོའི་རང་བཞིན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་རྩ་ཁྲིམས་ནང་གཏན་ལ་འཁེལ་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གནས་བབ་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་རྩ་ཁྲིམས་ནི་དོན་ངོ་མའི་མི་དམངས་ཀྱི་རྩ་ཁྲིམས་ཡིན་པ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན་པའི་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་གནས་བབ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྩ་ཁྲིམས་ཀྱི་བྱེད་ནུས་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་རྩ་ཁྲིམས་ལག་བསྟར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། རྩ་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོ་ནི་ཁྲིམས་སྐྱོང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་རྩ་ཁྲིམས་དེ་ཉིད་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་དགོས།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)