ཤིན་ཧྭ་གསར་འགྱུར་ཁང་ཕ་རུ་ཀུའེ་ཡི་གྲོང་ཁྱེར་ཨེ་སུན་སིན་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོས་རེ་ཞུ་བྱས་པའི“དཔྱིད་གསར་དུས་ཆེན་—ཀྲུང་གོ་བས་སྲོལ་རྒྱུན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ལག་ལེན”དེ་ཚེས་4ཉིན་ཕ་རུ་ཀུའེ་ཨེ་སུན་སིན་དུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཁང་གི་སྐབས་19པའི་རྒྱུན་ལས་ཚོགས་འདུར་དཔྱད་ཞིབ་བྱས་པ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་རེད། ཀྲུང་གོའི་རྣམ་གྲངས་44མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དང་མིང་ཐོར་བཅུག་ནས་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།
དཔྱིད་གསར་དུས་ཆེན་ནི་དོན་སྙིང་གཏིང་ཟབ་ཤོས་དང་། ནང་དོན་ཕུན་སུམ་ཚོགས་ཤོས། ཞུགས་མཁན་མང་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་རེད། ལོ་རེའི་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་འཛམ་གླིང་ཡོངས་ཀྱི་ཕྱི་ཁོངས་ཀྲུང་གོ་བས་རྙིང་སྐྱེལ་གསར་བསུ་དང་། བཀྲ་ཤིས་བདེ་ལེཌ། འཆམ་མཐུན་མཉམ་འཛོམས་བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུ་གི་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་རིང་དཔྱིད་གསར་དུས་ཆེན་གྱིས་མི་སྒེར་དང་། ཁྱིམ་ཚང་། རྒྱལ་ཁབ་བཅས་ཀྱི་བརྩེ་དུང་ཟམ་མི་ཆད་པར་རྒྱུན་འཁྱོངས་དང་ཟབ་ཏུ་བཏང་བས་ཀྲུང་ཧྭའི་ཤེས་དཔལ་མུ་མཐུད་རྒྱུན་འཛིན་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། ཕྱི་རྒྱལ་དུ་བརྒྱུད་སྤེལ་བྱེད་རྒྱ་་ཉིན་བཞིན་ཆེ་རུ་འགྲོ་བ་དང་བསྟུན་ནས་དཔྱིད་གསར་དུས་ཆེན་དེ་ཉིད་འཛམ་གླིང་གིས་ཡོངས་ཁྱབ་དང་ལེན་དང་། ཁས་ལེན། མྱོང་རོལ་བཅས་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
“དཔྱིད་གསར་དུས་ཆེན་—ཀྲུང་གོ་བས་སྲོལ་རྒྱུན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ལག་ལེན”དེ་ཀྲུང་གོ་བས་མཉམ་སྤྱོད་བྱེད་པ་དང་། རྒྱལ་ཡོངས་ས་གནས་ཁག་ཏུ་རྒྱ་ཁྱབ་ངང་ལག་ལེན་བསྟར་བ་དེ་ཐོག་ནས་ཀྲུང་གོ་བའི་མིའི་དབར་གྱི་བརྩེ་དུང་དང་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་མི་དང་མིའི་དབར་འཆམ་མཐུན་མཉམ་གནས་ཀྱི་རིན་ཐང་གི་འདུ་ཤེས་མཚོན་པ། ཁྱིམ་ཚང་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། དཔལ་འབྱོར་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་སོགས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། ཤུལ་བཞག་རྣམ་གྲངས་དེ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་དེས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་རིག་གནས་ཀྱི་མོས་སེམས་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་བསྟར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།