《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月06日

བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་རྫ་འབི་ཤང་གིས།

འབྲོག་དུད་ཉིས་བརྒྱ་ཉི་ཤུར་ཁེ་སྤོགས་བགོ་འགྲེམས་བརྒྱབ་པ།

“གྲོང་ཚོའི་ནང་ཁེ་སྤོགས་བགོ་འགྲེམས་རྒྱག་པའི་བརྡ་ཐོ་བཏང་བས་ང་སྔ་ས་ནས་ཡོང་བ་ཡིན། འདི་ལོ་གྲོང་ཚོའི་མཉམ་ལས་ཁང་གཉེར་སྐྱོང་ཡག་པོ་བྱུང་བས་ངའི་ཁྱིམ་ལ་དངུལ་སྨར་སྒོར་1500རག་བྱུང་། ‘ཤང་རེར་མཉམ་ལས་ཁང་རེ’ཡོད་པར་བྱས་པ་མ་ཟད། ད་དུང་འབྲས་དང་། གྲོ་ཞིབ། སྣུམ། ཇ་བག་ཆུང་བཅས་ཀྱང་བགོས་པས་ཧ་ཅང་དགའ་པོ་བྱུང”ཞེས་ཉེ་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་རྫ་འབི་ཤང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་འགྲེམས་རྒྱག་ཡུལ་དུ་ཁེ་སྤོགས་བགོ་བཤའ་རག་པའི་མེ་འབར་གྲོང་ཚོའི་གྲོང་མི་བསོད་གྲུབ་ཀྱིས་བཤད།

ཁེ་སྤོགས་བགོ་འགྲེམས་རྒྱག་སར་མི་ཚོགས་ཀྱིས་ཁེངས་པ་དང་རྣམ་པ་འཁྲུག་ཆ་དོད་ལ་གྲོང་མི་ཚོའི་ངོ་གདོང་ནས་དགའ་སྤྲོའི་རྣམ་པ་མངོན་བཞིན་འདུག “འདི་ལོ་རྫ་འབི་ཤང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཁེ་སྤོགས་སྒོར་ཁྲི་110ལྷག་ཙམ་བགོས་ནས་དེ་སྔ་ལས་ལྡབ་གཉིས་འཕར་ཡོད”ཅེས་རྫ་འབི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཀེན་ཡ་ཡིས་བཤད་པ་དང་ཁོང་གིས་ད་ཐེངས་ཀྱི་ཁེ་སྤོགས་བགོ་སྐབས“ཁེ་ཕན་མཉམ་སྤྱོད་དང་། ཞིབ་རྩིས་ཡོངས་བསྒྲགས། འདྲ་མཉམ་བགོ་བཤའ”བཅས་ཀྱི་རྩ་དོན་གཞིར་བཟུང་།“གྲོང་ཚོ་རེར་མཉམ་ལས་ཁང་རེ་ཡོད་པ”7དང“ཤང་རེར་མཉམ་ལས་ཁང་རེ་ཡོད་པ”1ལ་ཁྱབ་ཡོད་པས་མང་ཚོགས་དུད་ཚང་220ཡི་མི་1449ལ་ཕན་པ་ཐོབ་ཡོད་ཅེས་བཤད།

ཞུས་ཀེན་ཡ་ཡིས་ཁེ་སྤོགས་བགོ་འགྲེམས་བརྒྱབ་པ་བརྒྱུད་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། མཉམ་ལས་ཁང་གི་འཕེལ་རྒྱས་ནང་ཞུགས་པའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། གོམ་སྟབས་རྗེས་མར་རྫ་འབི་ཤང་གིས་ས་གནས་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ“ཤང་རེར་མཉམ་ལས་ཁང་རེ”དང“གྲོང་ཚོ་རེར་མཉམ་ལས་ཁང་རེ”ཡོད་པ་བྱེད་པའི་གཉེར་སྐྱོང་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་མང་ཚོགས་ལ་དངོས་ཕན་དེ་བས་མང་བ་ཐོབ་པ་དང་ཁེ་ཕན་དེ་བས་མང་བ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་རེད་ཅེས་བཤད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རྫ་འབི་ཤང་གིས“གྲོང་ཚོ་རེར་མཉམ་ལས་ཁང་རེ”དང“ཤང་རེར་མཉམ་ལས་ཁང་རེ”འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་ནང་ཞིང་དུད་ཞུགས་རྒྱུར་མཛུབ་ཁྲིད་བྱས་པས། གྲོང་མི་ཚོར་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་དངོས་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད། “གྲོང་ཚོའི་གནས་ཚུལ་དང་བསྟུན་པ་དང་གྲོང་ཚོ་རེར་ཐབས་ཇུས་རེ་ཡོད་པ་བྱེད་པའི”བླང་བྱ་གཞིར་བཟུང་། རྫ་འབི་ཤང་གིས“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། འབྲོག་དུད”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་མཉམ་ལས་ཁང་གིས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཁྱད་ལྡན་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་། ཐོན་ལས་འཕེལ་རྒྱས་དང་དམངས་ཕྱུག་འབབ་འཕར་ལ་དམིགས་ནས་འབྲོག་དུད་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་ཕན“གཉིས་འཕར”བྱུང་བ་དང་བེད་སྤྱོད་མི་ཐུབ་པའི་མ་རྩ་གང་འགབ་ཅི་སྤྱོད་ཐུབ་པ་བྱུང་ཡོད། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི“སྒུལ་ཤུགས་ཀྱི་འབྱུང་ཁུངས”སྐོང་འཐེན་བྱས་ནས་རྒྱ་ཆེའི་འབྲོག་དུད་དང་གྲོང་ཚོའི་མཉམ་སྡེབ་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་སྤྱོད་ཐུབ་པ་བྱས་པ་རེད།

《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས།