ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཀྲུང་གོའི་ཤིན་ཅང་གི་མཛའ་གྲོགས་སྤེལ་རེས་འཐུས་མི་ཚོགས་པས་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་དུ“ཤིན་ཅང་ནི་ས་ཆ་སྐྱིད་པོ་ཞིག་རེད”ཅེས་པའི་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་དང་པར་རིས་འགྲེམས་སྟོན་བྱས་པ་རེད། ཁམ་ཕུ་ཁྲེའི་མི་དམངས་ཏང་ཀྲུང་དབྱང་གི་རྒྱུན་ཨུ་དང་ཁམ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཨའེ་སང་ཨའོ་དང་དེ་བཞིན་ཁམ་ཕུ་ཁྲེའི་རྒྱལ་ཚོགས་དང་། གྲོས་ཁང་གོང་མ། རིག་རྩལ་པུའུ། ཡུལ་སྐོར་པུའུ། ཞིང་ནགས་ཉ་ལས་པུའུ། མཐོ་སློབ། རིག་མཛོད། ཁེ་ལས། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་སྐུ་མགྲོན་100ཙམ་ཚོགས་འདུར་ཞུགས་པ་རེད།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཝུའུ་ལུའུ་མུའུ་ཆི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲུའུ་ཡིས་ཤིས་ཚིག་སྒྲོན་སྐབས། ཤིན་ཅང་གིས་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། སྤྱི་ཚོགས་འཕེལ་ཤུགས་ཆེན་པོ། མི་རིགས་མཐུན་སྒྲིལ་འཆམ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་གྲུབ་འབྲས་དང་འགྱུར་ལྡོག་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ཕྱོགས་མང་པོའི་ཐད་ནས་ཤིན་ཅང་ནི་ས་ཆ་སྐྱིད་པོ་ཞིག་ཡིན་ལུགས་རྒྱས་བཤད་བྱས་པ་རེད།
ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབང་ཝུན་པིན་གྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་། ཤིན་ཅང་དང་ཁམ་ཕུ་ཁྲེའི་ས་གནས་དབར་སྤེལ་རེས་མཉམ་ལས་བྱེད་པའི་མདུན་ལམ་བཟང་པོར་རྒྱང་ལྟ་བྱས་ནས། ཕྱོགས་གཉིས་པོས་དུས་རབས་གསར་པའི་ཀྲུང་ཁམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ས་གནས་ཀྱི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།