ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཁྲེང་ཏུར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ཐེངས་ལྔ་པ་གཙོ་སྐྱོང་བྱས་ཤིང་། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ནུར་ཐེ་ལེ་ཨུ་དང་། ཁེར་གྷི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུ་ལུའུ་པ་གཡོད་ཧྥུའུ། ཐ་ཇིག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧོ་ལི་ཏིང་། ཏུར་མེན་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་མེ་ལེ་ཏུའོ་ཧྥུའུ། ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་སའེ་དབྱི་ཏུའོ་ཧྥུའུ་བཅས་ཞུགས་ཡོད།
ཝང་དབྱི་ཡིས་ན་ནིང་གི་ཟླ་ལྔ་པར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཤིས་ཨན་དུ་བདེ་བླག་ངང་འཚོགས་པ་དེས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཞིག་ཕྱེ་ལ། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཕྱོགས་ཡོངས་ནས་རྒྱུན་མཐུད་དང་མདུན་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།
གཅིག་ནས་གཙོ་བདག་གིས་ཁྲིད་སྟོན་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་དྲུག་གི་གཙོ་བདག་གི་འཆར་འགོད་དཔེ་རིས་ལ་གཞིགས་ནས་ཤིས་ཨན་དབུ་ཚོགས་ཀྱི་ཐུན་མོང་ངོས་འཛིན་མུ་མཐུད་དོན་འཁྱོལ་བྱས་ཏེ། སང་ལོར་ཧ་སག་སི་ཐན་དུ་དབུ་ཚོགས་ཐེངས་གཉིས་པ་གཉེར་བར་གྲ་སྒྲིག་ཚགས་ཚུད་པོ་བྱེད་དགོས།
གཉིས་ནས་འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཚོང་དོན་ཤར་གཏོང་དང་། ཐོན་ལས་མ་འཇོག མཉམ་སྦྲེལ་འབྲེལ་མཐུད། ལྗང་མདོག་གཏེར་ལས། ཞིང་ལས། མི་སྣའི་འགྲོ་འོང་སྟབས་བདེ་བ་བཅས་སྔོན་ལ་འཇོག་པའི་མཉམ་ལས་ཆེན་པོ་དྲུག་གི་ཁ་ཕྱོགས་ལ་དམིགས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། བྱ་སྤྱོད་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་དགོས།
གསུམ་ནས་བདེ་སྡུག་མཉམ་མྱོང་མཐའ་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་ཡག་པོ་དང་ཁྲིམས་སྒྱུར་བདེ་འཇགས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ། ལག་གདང་སྦྲེལ་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་བཅག་སྟེ་རྒྱལ་ཁབ་དྲུག་གི་བརྟན་ལྷིང་འཆམ་མཐུན་གྱི་འཕེལ་རྒྱས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས།
བཞི་ནས་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་མཐའ་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་མཉམ་དུ་ལག་ལེན་བསྟར་ནས་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་ཀྱི་ཤེས་དཔལ་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དང་། མི་རབས་ནས་མི་རབས་བར་ཞི་བདེ་ཡོང་བའི་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱེད་དགོས།
ལྔ་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་དགོས། རྣམ་པ་ཅི་རིགས་ཀྱི“འབྲེལ་ཐག་གཅོད་པ”དང“མཉམ་ལས་ཀྱི་འབྲེལ་བ་གཅོད་པར”ངོ་རྒོལ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་སྐུལ་འདེད་བཏང་ནས་འདྲ་མཉམ་དང་རིམ་ལྡན་གྱི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)