《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月04日

གོ་ལ་ཧྲིལ་པོའི་གྲོང་གསེབ་གཞུང་ལམ་དང་དབུལ་པོ་ཉུང་གཏོང་བྱ་གཞག་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་བ།

ཧོ་དབྱིན།

ཟླ་11ཚེས་29ཉིན། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཀྲུང་གོའི་གྲོང་གསེབ་གཞུང་ལམ་འཕེལ་རྒྱས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་གྲོང་གསེབ་གཞུང་ལམ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འདུ་ཤེས་ངོ་སྤྲོད་བྱས་ཤིང་། གྲོང་གསེབ་གཞུང་ལམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། ཀྲུང་གོས་རྒྱལ་བབ་དང་འཚམ་པའི་གྲོང་གསེབ་གཞུང་ལམ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་དུས་མཚུངས་གྲོང་གསེབ་གཞུང་ལམ་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་དང་མཉམ་སྤྱོད་ཧུར་ཐག་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་གྱིས་འཛམ་གླིང་གི་དབུལ་པོ་སེལ་བ་དང་། དམངས་འཚོ་ལེགས་གཏོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

ཁྱིམ་གྱི་སྒོ་རྩའི་བདེ་སྐྱིད་ནི་ཕྱོགས་བཞིར་བསྲིངས་པའི་འགྲིམ་འགྲུལ་ལམ་བུ་ལས་བྱུང་། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཐད་བཅངས་པའི་དགོས་མཁོ་ཧུར་ཐག་བསྐངས་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་གྲོང་གསེབ་གཞུང་ལམ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཏེ“ཤར་བགྲོད”ཐུབ་པ་ནས“ལེགས་གཏོང”བར་འགྱུར་ལྡོག་ཕྱིན་ཡོད། ལོ་10ཡི་རིང་ཀྲུང་གོས་གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི་250ལྷག་ཙམ་གསར་སྐྲུན་རྒྱས་སྐྲུན་བྱས་ཡོད། 2023ལོའི་ལོ་མཇུག་བར་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་460བར་མང་དུ་ཕྱིན་པ་དེས་གཞུང་ལམ་གྱི་སྤྱིའི་ལམ་ཚད་ཀྱི་84.6%བཟུང་ནས“ཕྱིར་བགྲོད་ནང་སྦྲེལ་དང་། གྲོང་ཚོར་ཤར་གཏོང་། འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད། བདེ་འཇགས་སྟབས་བདེ”བཅས་ཀྱི་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཞིག་ཆགས་ཏེ་གྲོང་གསེབ་ས་ཁུལ་འགྱུར་ལྡོག་ཆེན་པོ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཁོངས་གཏོགས་ཀྱི་མཐུན་སྦྱོར་པ་ཁྲང་ཆི་ཏེས“ཀྲུང་གོ‘ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ’གྱི་ཕུལ་བྱུང་དཔེ་མཚོན་མང་པོ་ཞིག་མཐོང་བྱུང་ལ་ཀྲུང་གོའི་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་སྟོབས་ཤུགས་ཀྱང་མཐོང་བྱུང”ཞེས་བཤད།

མིག་སྔར། གྲོང་གསེབ་ཀྱི་འགྲིམ་འགྲུལ་ནི་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ཤིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་དེ་བས་མང་བའི་ས་ཁུལ་དབུལ་པོའི་དཔལ་འབྱོར་དང་དམངས་འཚོ་དེ་གཞུང་ལམ་དང་བསྟུན་ནས་འཕེལ་རྒྱས་ཡོང་བར་བྱེད་པར། ཀྲུང་གོ་ནི་བྱ་སྤྱོད་སྤེལ་མཁན་དང་ལག་ལེན་པ་ཞིག་རེད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ཏེ། འགྲིམ་འགྲུལ་གྱི་སྔོན་སྐྱོད་ནུས་པ་འདོན་པ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད། 2018ལོར་ཀྲུང་གོའི་གྲོས་འགོ་བཏོན་པ་ དང་སྐུལ་འདེད་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག“གྲོང་གསེབ་ཀྱི་དབུལ་ཕོངས་བསལ་བ་དང་། 2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ”གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། དེའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དབུལ་པོ་ཉུང་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་ལ་བརྟེན་ནས་རྒྱལ་ཁབ་གཞན་དག་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་དང་མཉམ་སྤྱོད་བྱེད་པ་དང་ཆབས་ཅིག འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་རོགས་བྱས་ཏེ་གོ་ལ་ཧྲིལ་པོའི་གྲོང་གསེབ་གཞུང་ལམ་དང་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2018ལོ་ནས་བཟུང་ཀྲུང་གོས་ཁམ་ཕུ་ཁྲེ་དང་། སར་པི་ཡ།རུ་ཝང་ཏ། ན་སྨི་པི་ཡ། ཝ་ནུ་ཨ་ཐུ། ནི་ཀྲེར་སོགས་རྒྱལ་ཁབ་24ལ་གཞུང་ལམ་དང་ཟམ་པ་སྐྲུན་རོགས་བྱས་ཡོད། རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་དང་། ལག་རྩལ་གྱི་རྒྱབ་སྐྱོར་དང་མི་ཤུགས་འདོན་པ་བརྒྱུད་ཀྲུང་གོས་ས་གནས་དེ་གའི་གྲོང་གསེབ་ས་ཁུལ་གྱི་འགྲོ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ཕྱིར་སྐྱོད་རྒྱུར་སྟབས་བདེ་བསྐྲུན་པ་དང་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་ཤུགས་ཆེན་བཏང་ཡོད།

གྲོང་གསེབ་གཞུང་ལམ་བསྐྲུན་པ་དེས་ཡུལ་ལྗོངས་སྔར་བས་མཛེས་སྡུག་ལྡན་པ་དང་། ཡུག་གཅིག་གི་ཐོན་ལས་ལ་སྐུལ་ཁྲིད་ཐུབ་པ། ས་ཁུལ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཏེ་ཡུལ་དེའི་མི་སེར་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོས་སྒོ་དབྱེ་དང་། མཉམ་ལས། གཉིས་ཁེ་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་གྲོང་གསེབ་གཞུང་ལམ་ཁྱབ་ཁོངས་ཐད་རྒྱལ་ཁབ་ཁག་དབར་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་གཞུང་ལམ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ཐབས་ལམ་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ཏེ། གོ་ལ་ཧྲིལ་པོའི་གྲོང་གསེབ་གཞུང་ལམ་དང་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་བློ་གྲོས་དང་སྟོབས་ཤུགས་མུ་མཐུད་སྐྱེས་སུ་ཕུལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཛེས་སྡུག་ལྡན་པའི་འཆར་གཞི་ཐུན་མོང་ཐོག་འགོད་རྒྱུ་ཡིན་པ་རེད།