འདི་ག་ཚགས་པར་ཁང་དུ་ཧྲེན་དབྱང་ནས་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ཧྲེན་དབྱང་དུ་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་བསུ་ཐེངས་བཅུ་གཅིག་པའི་མཛད་སྒོ་འཚོགས་ཤིང་། དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་43གྱི་པུར་རུས་དང་ཤུལ་རྫས་495རང་རྒྱལ་གྱི་མཁའ་དམག་གི་ཆེད་གཏོང་གནམ་གྲུ་བརྒྱུད་ཧན་གོ་ནས་ལེའོ་ཉིང་ཧྲེན་དབྱང་དུ་བསུས་ནས་མེས་རྒྱལ་གྱི་པང་དུ་ལོག་པ་རེད།
ཆུ་ཚོད་12དང་སྐར་མ་07ལ་མཁའ་དམག་གི་དབོར་འདྲེན-20ཡི་ཆེད་གཏོང་གནམ་གྲུ་ཞིག་ཧྲེན་དབྱང་ཐའོ་ཞན་རྒྱལ་སྤྱིའི་གནམ་ཐང་དུ་དལ་གྱིས་བབས། མཁའ་དམག་གི་རྒོལ་གཏོར-20ཡི་དམག་འཐབ་གནམ་གྲུ་གཉིས་ཀྱིས་ཆེད་གཏོང་གནམ་གྲུ་ཀྲུང་གོའི་མངའ་ཁོངས་བར་སྣང་དུ་སླེབས་རྗེས་མཉམ་དུ་འཕུར་སྐྱོད་སྲུང་སྐྱེལ་བྱས་པ་དང་འབྲེལ་ཧྲེན་དབྱང་ཐའོ་ཞན་རྒྱལ་སྤྱིའི་གནམ་ཐང་གི་མཁའ་དབྱིངས་སུ་འཕུར་སྐྱོད་བྱས་ནས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་པར་བྱས་ཡོད། ཆེད་གཏོང་གནམ་གྲུ་བབས་རྗེས་ཧྲེན་དབྱང་ཐའོ་ཞན་རྒྱལ་སྤྱིའི་གནམ་ཐང་གིས“ཆུ་སྒོ་སྒྲོལ་བའི”གུས་ལུགས་མཐོ་ཤོས་བསྟན་ནས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་རང་ཡུལ་དུ་ལོག་པར་བསུ་བ་ཞུས་པ་རེད།
ཆུ་ཚོད་12དང་སྐར་མ་50ལ་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་བསུ་ཐེངས་བཅུ་གཅིག་པའི་མཛད་སྒོ་གནམ་ཐང་དུ་འཚོགས་ཤིང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཕེ་ཅིན་ཅ་ཡིས་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ། ཕྱི་འབྲེལ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་། ཧྲེན་དབྱང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། ཧྲེན་དབྱང་དུ་བཅའ་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་སོགས་ཀྱི་འགན་འཁུར་བློ་མཐུན་དང་། ཨ་འགོག་ཁྲའོ་རོགས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི། འཇིག་རྟེན་འཕུར་སྐྱོད་ཀྱི་དཔའ་བོའི་འཐུས་མི། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་གྱི་འཐུས་མི། རིག་རྩལ་ལས་དོན་པའི་འཐུས་མི། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞོན་ནུ་ལས་བྱེད་པའི་འཐུས་མི། དཔུང་སྡེའི་དཔོན་དམག་གི་འཐུས་མི། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་དགེ་སློབ་ཀྱི་འཐུས་མི། གཞོན་ནུ་ལོ་ཆུང་གི་སློབ་མའི་འཐུས་མི་སོགས་མི་གྲངས་1000ཙམ་ཞུགས་ཡོད། མཛད་སྒོ་ཚོགས་ཡུལ་དུ་བརྗིད་ཉམས་ལྡན་ཞིང་། སྔོན་གཤེགས་དཔའ་བོའི་པུར་རུས་བླུགས་པའི་པུར་སྒམ་གྱི་སྟེང་དུ་དམར་མདངས་བཀྲ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་གཡོགས་ཡོད་པ་དང་། ས་གནས་ས་ཐོག་གི་མི་སྣ་ཡོངས་ཀྱིས་སྔོན་གཤེགས་དཔའ་བོའི་པུར་རུས་ལ་གུས་འདུད་ལན་གསུམ་ཞུས་པ་རེད།
མཛད་སྒོ་མཇུག་འགྲིལ་རྗེས། དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་སྒམ་དག་ཉེན་རྟོག་སྦག་སྦག་48ལས་གྲུབ་པའི་ཉེན་རྟོག་སྦག་སྦག་རུ་ཁག་གི་སྲུང་སྐྱེལ་འོག་དམག་སྤྱོད་སྐྱེལ་འདྲེན་རླངས་འཁོར་6གིས་ཧྲེན་དབྱང་ཨ་འགོག་ཁྲའོ་རོགས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱལ་བ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། སྤེན་ཚེས་ཞུས)