འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་བསམ་འཆར་བཀྲམ་ནས་གློག་ཤུགས་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་གློག་ཤུགས་མ་ལག་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱས་པ་རེད། དེ་ནི་རྒྱལ་ཁབ་རིམ་པས་གློག་ཤུགས་མ་ལག་འཁོར་སྐྱོད་ཀྱི་བདེ་འཇགས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་ཐད་བཏོན་པའི་སྲིད་ཇུས་ཀྱི་ཡིག་ཆ་ཐོག་མ་དེ་ཡིན་པ་དང་གློག་ཤུགས་བདེ་འཇགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་ཤུགས་བདེ་འཇགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། གློག་ཤུགས་བདེ་འཇགས་བཅོས་སྐྱོང་གི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། གློག་ཤུགས་བདེ་འཇགས་ཀྱི་ལྟ་འདོམས་ཕན་ནུས་ཆེ་རུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་ལས་ཀའི་བྱེད་ཐབས་ཁག་22བཏོན་ཡོད་པ་རེད།
གློག་ཤུགས་བདེ་འཇགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད། བསམ་འཆར་ནང་རྒྱལ་ཡོངས་གློག་ཤུགས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་དང་ཞིང་ཆེན་རིམ་པའི་གློག་ཤུགས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན(ཆེད་དོན་ཨུ་ལྷན)གྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ནས་གོང་འོག་མཉམ་འགུལ་དང་ཕན་ཚུན་འདེགས་སྐྱོར་བྱེད་པའི་གློག་ཤུགས་བདེ་འཇགས་བཅོས་སྐྱོང་གི་རྩ་འཛུགས་འགོ་ཁྲིད་མ་ལག་འཛུགས་དགོས་ལུགས་བཏོན་ཡོད་པ་རེད།
གློག་ཤུགས་བདེ་འཇགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་ཐད། བསམ་འཆར་ནང་གློག་དྲ་ཆེན་པོར་དམིགས་ནས་ཉེན་ཁ་དབྱེ་འབྱེད་ཚོད་འཛིན་དང་། ཉེན་ཁ་འབྱུང་རྩ་ནས་བཅོས་སྐྱོང་། ཉེན་ཁའི་གདུབ་ཟུམ་དོ་དམ་ཚོད་འཛིན་སོགས་ཀྱི་ཐད་གློག་དྲ་ཆེན་པོའི་ཉེན་ཁའི་དོ་དམ་ཚོད་འཛིན་ནུས་པ་ཆེ་རུ་གཏོང་དགོས་ལུགས་བཏོན་ཡོད་པ་རེད། གློག་སྒྱུར་དྲ་བར་དམིགས་ཏེ་གློག་དྲ་ཆེན་པོའི་བདེ་འཇགས་ཀྱི་ཉེན་ཁ་དབྱེ་འབྱེད་དང་། ལྟ་སྐུལ། ཚོད་འཛིན་བཅས་ཀྱི་མ་ལག་དེ་གློག་སྒྱུར་དྲ་བར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་བཏོན་པ་དང་རྫོང་ཁོངས་ཀྱི་ཁྱབ་ཁོངས་ཆེན་པོའི་གློག་ཆད་པའི་ཉེན་ཁའི་དོ་དམ་ཚོད་འཛིན་ནུས་པར་ཤུགས་སྣོན་རྒྱག་རྒྱུའི་ཐད་ལའང་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་རེད། (བདེ་དབང་གིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)