《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月30日

ཐེ་ལན་གྱི་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

འདི་ནི་གྲོང་ཁྱེར་ཁུང་ཅེ་ཧྥུའུ་རུ་གནས་པའི་ཝུའུ་དབུན་ལིའི་ཆུ་ཁར་འཕྱོ་བའི་འོད་ཤུགས་གློག་ཁང་ཡིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཧུའེ།

ཐེ་ལན་གྱི་བྱང་ཤར་རྒྱུད་ཀྱི་གྲོང་ཁྱེར་ཁུང་ཅེ་ཧྥུའུ་ཡི་ཝུའུ་དབུན་ལི་རགས་ཆེན་ནས་རྒྱང་ལྟ་བྱེད་སྐབས། ཉི་ནུས་ཤེལ་པང་མང་པོ་ཡངས་པའི་ཆུ་ངོས་སུ་གྲལ་སྟར་འགྲིག་པོས་བསྒྲིགས་པ་དེ་བརྗིད་ཉམས་ལྡན་པ་ཞིག་ཡོད། འདི་ནི་ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པ་རྒྱལ་སྤྱིའི་མཉམ་ལས་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཝུའུ་དབུན་ལིའི་ཆུ་ཁར་འཕྱོ་བའི་འོད་ཤུགས་གློག་ཁང་ཡིན་པ་དང་སྤྱིའི་གློག་འདོན་ཚད་ཀྲའོ་ཝ་31.2ཟིན་པ་དང་ད་ལོའི་ཟླ་3པར་གློག་དྲ་སྦྲེལ་མཐུད་ཐུབ་ནས་གློག་གཏོང་ཐུབ་ཡོད། དེ་ནི་ཐེ་ལན་གློག་ཤུགས་ཅུས་ཀྱི་ཆུ་ངོས་འོད་ཤུཌ་དང་། དྭངས་གཙང་ཆུ་གློག ནུས་ཆེའི་ནུས་གསོག་བཅས་ཀྱི་མ་ལག་དང་རིག་ནུས་ནུས་རྒྱུ་དོ་དམ་མ་ལག་གཞི་གཅིག་ཏུ་འདུས་པའི་དཔེ་སྟོན་རང་བཞིན་གྱི་གློག་ཁང་གི་ལས་གྲྭའི་རྣམ་གྲངས་དང་པོ་དེ་ཡིན་པ་དང་། དེས་ཐེ་ལན་གྱི་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད།

“ཀྲུང་གོའི་འོད་ཤུགས་ཐོན་རྫས་དང་འོད་ཤུགས་ལག་རྩལ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད” ཐེ་ལན་གློག་ཤུགས་ཅུས་ཀྱི་རྣམ་གྲངས་ཀྱི་གཙོ་འགན་འཁུར་མཁན་ཐི་ལཱ་ཚའེ་ཡིས“ཀྲུང་གོའི་ཁེ་ལས་ཀྱི་ལས་ཆོད་ཆེ་བ་དང་གནད་དོན་ཐག་གཅོད་བྱེད་མགྱོགས་པས། ཐེ་ཀྲུང་ཕྱོགས་གཉིས་པོས་རྣམ་གྲངས་དེའི་ཐད་མཉམ་ལས་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། དེ་ནི་དགའ་འོས་པའི་བྱ་བ་ཞིག་རེད”ཅེས་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད།

ཐཱན་སྙོམ་དམིགས་ཚད་མངོན་འགྱུར་བྱ་ཆེད། ཐེ་ལན་གྱིས་ཉེ་བའི་ལོ་ཤས་རིང་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཐེ་ལན་ལ་ཉི་འོད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་ས་ཆའི་ཐོན་ཁུངས་ལ་ཚད་ཡོད་པས་ཆུ་ཁར་འཕྱོ་བའི་འོད་ཤུགས་གློག་ཁང་འཕེལ་རྒྱས་བཏང་ཚེ་ཆུ་མཛོད་སོགས་གཞི་ཁྱོན་ཆེ་བའི་ཆུ་ཁོངས་བེད་སྤྱོད་གང་ལེགས་ཐུབ་ནས་འོད་ཤུགས་གློག་གཏོང་གི་འཛུཌ་སྐྲུན་གཞི་ཁྱོན་ཆེ་རུ་གཏོང་བར་ཕན་ཐོགས་ཡོད།

ཐེ་ལན་གློག་ཤུགས་ཅུས་ཀྱིས་2037ལོར་སླེབས་སྐབས་ཆུ་མཛོད་9ཡི་ཐོག་ཆུ་ངོས་ཀྱི་འོད་ཤུགས་རྣམ་གྲངས་16བསྐྲུན་ནས་ཆུ་ཁར་འཕྱོ་བའི་འོད་ཤུགས་རྣམ་གྲངས་ཀྱི་སྤྱིའི་གློག་འདོན་ཚད་ཀྲའོ་ཝ་2725བར་མཐོ་རུ་གཏོང་རྩིས་ཡོད་པ་རེད།

ཐེ་ལན་གློག་ཤུགས་ཅུས་ཁོངས་གཏོགས་ཀྱི་ནུས་རྒྱུ་གསར་པའི་ཁེ་ལས་གཙོ་བོའི་གློག་འདོན་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཅི་ལཱ་ཕུང་གིས། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དང་དེ་བཞིན་དེའི་མཉམ་ལས་རོགས་ཟླས་རྣམ་གྲངས་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། ཝུའུ་དབུན་ལིའི་ཆུ་ཁར་འཕྱོ་བའི་འོད་ཤུགས་གློག་ཁང་བསྐྲུན་པ་དེ་ནི་ཐེ་ལན་གྱིས་ནུས་རྒྱུ་གཙང་མ་ཐོན་སྐྱེད་དང་གློག་ཤུགས་མཁོ་སྤྲོད་བརྟན་པོ་ཡོང་བའི་གོམ་སྟབས་གལ་ཆེན་ཞིག་ཡིན་ཞིང་། རྣམ་གྲངས་དེས་མཁོ་འདོན་བྱས་པའི་ནུས་རྒྱུ་གཙང་མས་ས་གནས་དེ་གའི་སྡེ་ཁུལ་ལ་བདེ་སྐྱིད་བསྐྲུན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།

ཐི་ལཱ་ཚའེ་ཡིས། ཀྲུང་གོའི་ཁེ་ལས་ཀྱིས་ཆེད་མངགས་ཐེ་ལན་གྱི་ལས་མིར་གསོ་སྦྱོང་བྱས་ནས། ཁོང་ཚོར་སྒྲིག་ཆས་དང་མ་ལག་སྣ་ཚོགས་བཀོལ་སྤྱོད་བྱེད་སྟངས་དང་གློག་ཁང་གི་བཀོལ་སྤྱོད་དང་བདག་སྐྱོང་དོ་དམ་སོགས་བསླབས་ཡོད། “སྤུས་ཚད་དང་ཆུ་ཚད་མཐོ་བའི་གསོ་སྦྱོང་དེ་འདྲ་བ་ས་གནས་དེ་གའི་ལས་བཟོའི་ངོས་ནས་བརྗོད་ན་ཐོབ་ཁག་པོ་རེད། ཁོང་ཚོས་ལག་རྩལ་གསར་པ་དེ་དག་ཁོང་དུ་ཆུད་རྗེས་འབྲེལ་ཡོད་ཉམས་མྱོང་དག་སླད་ཕྱིན་གྱི་འོད་ཤུགས་རྣམ་གྲངས་ཐོག་སྤྱོད་ཆོག”ཅེས་བཤད།

(པ་ཕན་གྱིས་བསྒྱུར། རྡོ་རྗེ་དང་པ་ཕན་གྱིས་ཞུས)