ཟླ་11ཚེས་26ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་12བསྟུད་མར་དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བར་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་དང་འདོད་ཚུལ་ཐེངས་མང་བཏོན་གནང་བ་དེ་ཐོག་ནས་ཕ་ལེ་སི་ཐན་གྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བར་སྒུལ་ཤུགས་བསྣན་པ་དང་། ས་ཁུལ་ཡུན་རིང་ཞི་བདེ་ཡོང་བར་འབད་བརྩོན་བྱས་པ་དེ་ཐོག་ནས་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད་ཅེས་བརྗོད་པ་རེད།
“བྱ་སྤྱོད་ཚང་མ་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད”
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བར་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་དང་འདོད་ཚུལ་ཐེངས་མང་བཏོན་གནང་བ་དེ་ཐོག་ནས་ཕ་ལེ་སི་ཐན་གྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད”ཅེས་ཕ་ལེ་སི་ཐན་མི་དམངས་འཐབ་རྩོད་འཐབ་ཕྱོགས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་གོ་ཕྱོགས་དང་འབྲེལ་གཏུགས་ཧྲུའུ་ཅི་མུའུ་ཧན་མོ་ཏེ·ཨ་ལུའུ་ཧྲིས་བརྗོད། ཡང་ཁོང་གིས། ཕ་ལེ་སི་ཐན་གྱི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཁ་གསལ་ཡིན་པ་དང་རྒྱུན་སྲིང་ལག་བསྟར་བྱས་ནས། སྔ་ཕྱི་བར་གསུམ་དུ་དྲང་བདེན་གྱི་བྱ་གཞག་དེར་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡོད་ཅེས་བརྗོད་པ་རེད།
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་12བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི‘ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི’དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད། དེ་ལྟར་རྒྱུན་འཁྱོངས་གནང་བ་ནི་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་རེད་ལ། ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་ཞིག་ཀྱང་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་དགའ་བསུ་དང་རྒྱབ་སྐྱོར་ཐོབ་ཡོད”ཅེས་ཨེ་ཅིབ་ཀྱི་པེ་ཉི་སུའུ་ཝེ་ཧྥུའུ་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ནཱ་ཏི་ཡས་བརྗོད། ཁོང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་ལ་རྒྱབ་སྐྱོར་བྱས་ཏེ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཡུན་རིང་ཞི་བདེར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། “ཀྲུང་གོ་ཕྱོགས་ཀྱིས་དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་མི་སེར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་བར་འདུམ་བྱེད་ཀྱི་ཡོད། ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པ་ནས་ལངས་ཕྱོགས་ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱེད་པའི་བར་དང་དེ་ནས་རྒྱལ་སྤྱིའི་མཐུན་སྦྱོར་ནང་ཧུར་ཐག་ཞུགས་པའི་བར་གྱི་བྱ་སྤྱོད་ཚང་མའི་ཐོག་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད”ཅེས་བརྗོད་པ་རེད།
“ཛ་དྲག་གི་དུས་བབ་ཞི་ལྷོད་དུ་གཏོང་རྒྱུར་རེ་བ་དེ་བས་མང་བ་སྦྱིན་པ”
ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕ་ལེ་སི་ཐན་གྱི་ཤོག་ཁག་ཁག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱས་ཏེ《ཁ་ཕྲལ་མཚམས་འཇོག་གིས་ཕ་ལེ་སི་ཐན་གྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་པེ་ཅིང་གི་བསྒྲགས་གཏམ》དོན་འཁྱོལ་བྱས་ནས་ནང་ཁུལ་ཞི་བའི་མཐུན་འགྲིག་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོས་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ལ་དངོས་སུ་འགྱུར་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། གཞི་ཁྱོན་དང་། དབང་གྲགས། ཕན་འབྲས་བཅས་སྔར་ལས་ཆེ་བའི་རྒྱལ་སྤྱིའི་ཞི་གྲོས་འཚོག་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
དབྱི་རག་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མི་དང་གྲོས་ཚོགས་ཕྱི་དོན་ཨུ་ལྷན་གྱི་ཁོངས་མི་མུའུ་ས་ནཱ·ཨ་མིང་གིས“ཀྲུང་གོས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་གཏོང་བ་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཉིན་བཞིན་གལ་འགངས་ཆེ་བའི་ནུས་པ་འདོན་གྱི་ཡོད”ཅེས་བརྗོད། ཁོང་གིས། ད་ལོའི་ཟླ་4པར་ཀྲུང་གོ་ཕྱོགས་ཀྱི་གདན་ཞུས་ལྟར་ཕ་ལེ་སི་ཐན་གྱི་མི་རིགས་བཅིངས་འགྲོལ་ལས་འགུལ་དང་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཀྱི་འཐུས་མི་པེ་ཅིང་དུ་གྲོས་མོལ་བྱེད་པར་བསྐྱོད་དེ། ཕ་ལེ་སི་ཐན་ནང་ཁུལ་གྱི་མཐུན་འགྲིག་ལ་སྐུལ་འདེད་གཏོང་བར་ཟོལ་མེད་ཀྱི་གླེང་མོལ་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ད་ལོའི་ཟླ་7པར་ཕ་ལེ་སི་ཐན་གྱི་ཤོག་ཁག་14ཡི་མཐོ་རིམ་འཐུས་མིས་པེ་ཅིང་དུ་མཐུན་འགྲིག་གི་གླེང་མོལ་བྱས་པ་དང་འབྲེལ། 《ཁ་ཕྲལ་མཚམས་འཇོག་གིས་ཕ་ལེ་སི་ཐན་གྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་པེ་ཅིང་གི་བསྒྲགས་གཏམ》(《པེ་ཅིང་གི་བསྒྲགས་གཏམ》)ལ་མིང་རྟགས་བཀོད་ནས། དཀའ་སྡུག་ཚད་མེད་མྱངས་པའི་ཕ་ལེ་སི་ཐན་མི་དམངས་ལ་རྩ་ཆེའི་རེ་བ་སྦྱིན་ཡོད། “ཀྲུང་གོའི་ཕྱི་འབྲེལ་གྱི་འབད་བརྩོན་འོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་ཁག་གིས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ནས། ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་སྔ་ཙམ་ཐག་གཅོད་ཐུབ་པར་སྒུལ་ཤུགས་སྣོན་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།
“ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་རེད”
ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དམག་འཁྲུག་ཞོད་འཇགས་སུ་གཏོང་བ་དང་དམར་གསོད་བྱེད་མཚམས་འཇོག་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཉེ་ཤར་ས་ཁུལ་ཕ་ལེ་སི་ཐན་གྱི་ཡུལ་གྱར་བ་རྒུད་སྐྱོབ་དང་ལས་དོན་ཁྲུའུ་ཡིས་མུ་མཐུད་ཅ་ཧྲའི་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཕ་ལེ་སི་ཐན་གྱི་གནད་དོན“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”ཡང་དག་པའི་བགྲོད་ལམ་ཐོག་ལོག་སྟེ། ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་སྔ་ཙམ་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
ཨ་ལུའུ་ཧྲིས། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་འདུམ་འགྲིག་ཞི་གྲོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བ། ཅ་ཧྲ་ས་ཁུལ་དུ་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པ། 《ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས་ཡིག་ཆ》ཁྱབ་བསྒྲགས་བཅས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡུན་རིང་ཞི་བདེ་མངོན་འགྱུར་ཡོང་བའི“གོམ་སྟབས་གསུམ”གྱི་གྲོས་འགོ་བཏོན་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པར་བློ་གྲོས་སྐྱེས་སུ་ཕུལ་ཡོད་ཅེས་བརྗོད་པ་རེད།
སི་རི་ཡའི《མེས་རྒྱལ་ཚགས་པར》གྱི་ཆེད་སྒྲིག་ལེ་ཚན་གྱི་རྩོམ་པ་པོ་དང་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་མུའུ་ཧན་མོ་ཏེ·ཨའོ་མཱ་ལིས། རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་གྲོས་མོལ་བྱེད་པ་ལས་གདོང་ཐུག་མི་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ཁྲོད་འདུམ་འགྲིག་བྱེད་མཁན་ཞིག་བྱས་པ་དེ་ས་ཁུལ་གྱི་འགལ་བ་ཆེ་རུ་གཏོང་བའི་རྒྱལ་ཁབ་ཁག་གཅིག་གི་བྱེད་སྟངས་དང་མངོན་གསལ་དོད་པའི་བསྡུར་བ་ཞིག་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ས་ཁུལ་གྱི་དུས་བབ་གང་མགྱོགས་ཞི་ལྷོད་དུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ཕ་ལེ་སི་ཐན་གྱི་གནད་དོན“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”ཡང་དག་པའི་བགྲོད་ལམ་ཐོག་བསྐྱར་དུ་ལོག་རྒྱུར་སྐུལ་འདེད་བཏང་སྟེ། ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་སྔ་ཙམ་ཐག་གཅོད་བྱེད་པར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
(ལྷག་པ་ཚེ་རིང་གིས་བསྒྱུར། སྐལ་མཆོག་གིས་ཞུས)