འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཡིད་རྟོན་རུང་བའི་གྲངས་གཞིའི་བར་མཐོངས་ནི་ཐུན་མོང་གི་ངོས་འཛིན་སྒྲིག་སྲོལ་ལ་གཞིགས་པ་དང་། ཕྱོགས་མང་པོའི་གྲུབ་ཆ་དང་སྦྲེལ་མཐུད་བྱེད་པ། གྲངས་གཞིའི་ཐོན་ཁུངས་མཉམ་སྤྱོད་ཀྱི་གྲངས་གཞི་འཁོར་རྒྱུག་བེད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཅིག་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་གྲངས་གཞིའི་ཁྲོམ་ར་གཏོད་པའི་གཞི་རྟེན་གལ་ཆེན་ཞིག་རེད། ཡིད་རྟོན་རུང་བའི་གྲངས་གཞིའི་བར་མཐོངས་འཕེལ་རྒྱས་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་གྲངས་གཞིའི་རྒྱུ་རྐྱེན་གཞི་ཁྱོན་ཅན་གྱི་འཁོར་རྒྱུག་མཉམ་སྤྱོད་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་གྲངས་གཞི་འགག་རྩའི་རྒྱུ་རྐྱེན་དུ་བྱེད་པའི་གྲངས་གཞིའི་དཔལ་འབྱོར་མགྱོགས་མྱུར་སྐྲུན་ཆེད། ཉེ་ཆར། རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས《ཡིད་རྟོན་རུང་བའི་གྲངས་གཞིའི་བར་མཐོངས་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི(2024ལོ་ནས་2028ལོ་བར)》བཀྲམ་པ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
བྱ་སྤྱོད་འཆར་གཞིའི་ནང་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་རིགས་དབྱེ་ཇུས་བསྟར་ལ་བརྟེན་ཏེ་ཁེ་ལས་དང་། ལས་རིགས། གྲོང་ཁྱེར། མི་སྒེར། ཁོངས་བརྒལ་ཡིད་རྟོན་རུང་བའི་གྲངས་གཞིའི་བར་མཐོངས་འཛུགས་སྐྲུན་དང་བཀོལ་སྤྱོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།
བྱ་སྤྱོད་འཆར་གཞིའི་ནང་། 2028ལོར་སླེབས་སྐབས་ཡིད་རྟོན་རུང་བའི་གྲངས་གཞིའི་བར་མཐོངས་གཉེར་སྐྱོང་དང་། ལག་རྩལ། སྐྱེ་ཁམས། ཚད་གཞི། བདེ་འཇགས་སོགས་མ་ལག་ལ་ཚད་བརྒལ་ཡོང་བར་བྱས་ཏེ་ཡིད་རྟོན་རུང་བའི་གྲངས་གཞིའི་བར་མཐོངས་100ཡན་སྐྲུན་པ་དང་། རྒྱ་ཁྱབ་སྦྲེལ་མཐུད་དང་། ཐོན་ཁུངས་གཅིག་སྡུད། སྐྱེ་ཁམས་དར་རྒྱས། རིན་ཐང་མཉམ་གཏོད། བཅོས་སྐྱོང་གོ་རིམ་ལྡན་པ་བཅས་ཀྱི་ཡིད་རྟོན་རུང་བའི་གྲངས་གཞིའི་བར་མཐོངས་དྲ་རྒྱ་གཞི་རྩའི་ཆ་ནས་སྐྲུན་པ། ཁྱབ་ཁོངས་ཁག་གི་གྲངས་གཞི་གསར་སྤེལ་སྒོ་དབྱེ་དང་འཁོར་རྒྱུག་བེད་སྤྱོད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པའི་གྲངས་གཞིའི་སྐྱེ་ཁམས་མ་ལག་རགས་ཙམ་ཆགས་པར་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
(པད་ཆོས་དང་བསོད་ནམས་ལྷ་མཚོས་བསྒྱུར། ཉི་དོན་གྱིས་ཞུས)