འདི་ག་ཚགས་པར་ཁང་དུ་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན་རིག་གནས་དང་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་རིག་དངོས་ཅུས། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ལེང་ཀྲུའུ་གླེང་སྟེགས”སྐབས་གཉིས་པ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
སྐབས་འདིའི“ལེང་ཀྲུའུ་གླེང་སྟེགས”ཀྱི་བརྗོད་དོན་གཙོ་བོ་ནི“སྤེལ་རེས་དཔྱད་གཞིར་འཛིན་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ”ཞེས་པ་ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་ནས་ཡོང་བའི་གནའ་རྫས་རྟོག་ཞིབ་རིག་པ་མཁས་ཅན་དང་། རྩོམ་པ་པོ། རོལ་དབྱངས་མཁས་ཅན་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་300ལྷག་ཙམ་ཞུགས་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས“ཤེས་དཔལ་བསྐྱར་དུ་མངོན—གོ་ལ་ཧྲིལ་པོའི་མིག་རྒྱང་གི་གནའ་རྫས་རྟོག་ཞིབ་རིག་པ་དང་ཤེས་དཔལ་རྣམ་པའི་སྣ་མང་རང་བཞིན”དང་། “རྩོམ་རིག་གི་གསར་རྩོམ་ནུས་པ—འཛམ་གླིང་རྩོམ་རིག་གི་མཚུངས་ཆོས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས” “རོལ་དབྱངས་ཀྱི་སྙིང་སྟོབས་རིམ་འཕེལ—ཀྲུང་གོ་དང་ཕྱི་རྒྱལ་གྱི་རོལ་དབྱངས་སྲོལ་རྒྱུན་གྱི་དེང་རབས་རྟ་དབྱངས”སོགས་ཀྱི་གྲོས་གཞིར་དམིགས་ནས་བགྲོ་གླེང་གཏིང་ཟབ་བྱ་རྒྱུ་རེད།
གླེང་སྟེགས་ཐོག་ལེང་ཀྲུའུ་གནའ་ཤུལ་གྱི་དོན་དངོས་ར་སྤྲོད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ལོ་རྒྱུས་ཀྱི་ཟུར་ཚད་དང་གོ་ལ་ཧྲིལ་པོའི་མིག་རྒྱང་ཟུང་འབྲེལ་དང་། རིག་གནས་ཤུལ་བཞག་དང་། རྩོམ་རིག རོལ་དབྱངས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་གཏིང་ཟབ། ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ། མཉམ་ལས་ཀྱི་ཁ་ཕྱོགས་འཆར་འགོད་བཅས་བྱས་ནས་རྒྱལ་ཁབ་ཁག་གི་རིག་གནས་ལས་རིགས་ཀྱིས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་བསྟར་བྱེད་པའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱ་རྒྱུ་རེད།