《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月28日

དུས་ཚོད་དམ་འཛིན་གྱིས་སྲིད་ཇུས་ཀྱི་ཕན་པ་མངོན་པར་བྱས་པ།

ས་གནས་ཁག་གིས་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

འདི་ག་ཚགས་པར་གྱི་གསར་འགོད་པས།

འཛད་རྫས་རྙིང་པ་གསར་བརྗེས་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་ནི་ཁེ་ལས་དང་མི་དམངས་ལ་ཕན་པའི་སྲིད་ཇུས་གལ་ཆེན་ཞིག་རེད། ད་ལོ་ནས་བཟུང་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་ཁྱབ་རྒྱ་ཆེ་རུ་བཏང་ནས་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་དབྱང་གི་སྲིད་ཇུས་དང་སྦྲེལ་མཐུད་བྱེད་པའི་ལག་བསྟར་ཇུས་གཞི་བཟོས་པ་རེད། ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། ཟླ་བཅུ་གཅིག་པའི་ཟླ་འགོ་བར། མི་ཁྲི་3000ལྷག་ཙམ་འཛད་རྫས་རྙིང་པ་གསར་བརྗེས་ལ་ཞུགས་པ་དང་། བྲིན་ཚོང་སྒོར་དུང་ཕྱུར་4000ལྷག་ཙམ་ཟིན་ཡོད་པ་རེད། མིག་སྔར་ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་ཚོད་དམ་འཛིན་བྱས་ནས་སྲིད་ཇུས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཡོད་པ་རེད།

—— སྣ་ཁ་མང་དུ་བཏང་ནས་འཛད་རྫས་སྔར་ལས་མང་བ་ཁ་གསབ་ཀྱི་ཁྱབ་ཁོངས་སུ་བཅུག་པ།

“ཀོག་ཧྥེའི་འཕྲུལ་ཆས་ཤིག་སྔ་ས་ནས་ཉོ་འདོད་བྱུང་། འོན་ཀྱང་དེ་སྔོན་གོང་ཆེ་དྲགས་པས་ཉོ་ནུས་མ་བྱུང་། ཧྲང་ཧའེ་ཡིས་ཀོག་ཧྥེའི་འཕྲུལ་ཆས་ལ་ཁ་གསབ་རོགས་དངུལ་སྤྲོད་པ་ཤེས་མ་ཐག་ལམ་སེང་ཉོས་པ་ཡིན”རང་འགུལ་ཅན་གྱི་ཀོག་ཧྥེའི་འཕྲུལ་ཆས་ཤིག་90ནང་སྐྱེས་ཀྱི་བུ་མོ་ཞའོ་ཝུའུ་ཡི་བློར་བབས། སྤ་སེ་སྤྲད་རྗེས་ལག་ཐོགས་ཁ་པར་ནས་དངུལ་སྤྲོད་སྐབས་ཐད་ཀར་འགྲོ་སོང་གི་15%འཐེན་འཕྲི་བྱས་པས་རིན་གོང་སྒོར་973ཁེ་རུ་ཕྱིན་པ་རེད།

སུའུ་ཉིང་དབྱི་ཀུའོ་ཧྲང་ཧའེ་ཕུའུ་ཏུང་ཚོང་ཁང་དང་པོའི་ཚོང་དཔོན་ཞིང་ཐེན་གྱིས་གསར་འགོད་པར། ཟླ་10པར་ཧྲང་ཧའེ་ཡི་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཀྱི་འཛད་སྤྱོད་ཁ་གསབ་སྲིད་ཇུས་ནང་ཀོག་ཧྥེའི་འཕྲུལ་ཆས་སོགས་གསར་དུ་བསྣན་རྗེས་ཀོག་ཧྥེའི་འཕྲུལ་ཆས་བྲིན་ཚད་དེ་སྔོན་ལས་ལྡབ་གཉིས་འཕར་སོང་ཞེས་བཤད།

“རྙིང་པ་གསར་བརྗེས་དང་། ནུས་རྒྱུ་གྲོན་ཆུང་གི་ཁ་གསབ། ‘11ཟུང’གྱི་བྲིན་ཐབས་བཅས་ཀྱི་གཟིགས་སྐྱོང་འོག་ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་མཁོའི་ཚོང་ཟོག་ཁག་གཅིག་ལ་རིན་གོང་ཕྱེད་ཀ་བཅག་པས་འཛད་སྤྱོད་པར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད། ཚོང་ཁང་ཧྲིལ་པོའི་ཕྱིར་ཚོང་དངུལ་འབོར་སྲིད་ཇུས་མ་བཏོན་གོང་ལས་ལྡབ་བདུན་འཕར་སོང”ཤིང་ཐེན་གྱིས་ངོ་སྤྲོད་བྱས་པར། འཛད་སྤྱོད་པ་མང་པོ་ཞིག་གིས་མ་གཞི་ཁྱིམ་སྤྱོད་གློག་ཆས་གཅིག་ལས་ཉོ་མཁན་མིན་ཡང་གོང་ཁེ་པོ་ཡོད་པ་མཐོང་སྐབས་ཁྱིམ་སྤྱོད་གློག་ཆས་ཚང་མ་བརྗེ་གི་འདུག ད་དུང་ལྗང་མདོག་འཛད་སྤྱོད་ཀྱི་འདུ་ཤེས་ཀྱང་འཕེལ་བས་ཚོང་ཁང་ནང་གི་གློག་གྲོན་ཆུང་ཐུབ་ཤོས་ཀྱི་ཁྱིམ་སྤྱོད་གློག་ཆས་བྲིན་ཚད་བཅུ་ཆ་དགུ་ཟིན་གྱི་ཡོད་པ་རེད།

—— ཁྱབ་རྒྱ་ཆེ་རུ་བཏང་ནས་འཛད་སྤྱོད་པར་གཟིགས་སྐྱོང་ལོངས་སུ་སྤྱོད་དུ་བཅུག་པ།

“ཁ་གསབ་སྲིད་ཇུས་དེ་གནོད་འཚེ་ཕོག་པའི་ཡུལ་མིར་ཁྱབ་པར་བྱས་ཤིང་། ཐོག་མའི་རིན་གོང་སྒོར་2124ཡིན་ནའང་ད་ལྟ་ངས་སྒོར་1593བྱས་ནས་ཉོས་པ་ཡིན། དངོས་གནས་ཁེ་པོ་འདུག”ཉེ་ཆར་ཧུའུ་ནན་ཕིང་ཅང་རྫོང་གི“ཟླ་རེ་དང་དུས་ཚིགས་རེར་འཛོམས་ནས་ཕིང་ཅང་དུ་ཉོ་སྒྲུབ་བྱེད”ཅེས་པའི་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་དམངས་ཕན་བྲིན་སྐུལ་བྱེད་སྒོ་སྤེལ་ཡུལ་དུ་གྲོང་མི་ཁྲེ་ཡུང་པོ་ཡིས་ཆུ་དྭངས་འཕྲུལ་ཆས་ཤིག་ཉོས་པ་རེད།

ད་ལོའི་དབྱར་ཁར་ཧུའུ་ནན་གྱི་ས་ཆ་མང་པོར་ཆུ་རྒྱས་པའི་གནས་ཚུལ་ཚབས་ཆེན་ཐོན་ཞིང་། ཧུའུ་ནན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ས་གནས་དེ་གའི་འཛད་སྤྱོད་ཐོན་རྫས་རྙིང་པ་གསར་བརྗེས་བྱེད་པའི་ལག་བསྟར་ཇུས་གཞི་གསར་པར་གཞིགས་ན། ཕིང་ཅང་སོགས་གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང་དང་གྲོང་ཁྱེར་གྱི་མིང་ཐོར་ཚུད་པའི་གནོད་འཚེ་ཕོག་མཁན་གྱི་སྡོད་ཁང་ཉོ་སྒྲུབ་རིམ་སྤོར་དང་། ཐབ་ཚང་དང་གསང་སྤྱོད་སྒྱུར་བཀོད། རིག་ནུས་ཁྱིམ་ཆས། རྒན་འཕྲོད་སྒྱུར་བཀོད་ཚོང་ཟོག་གི་ཁ་གསབ་བསྡུར་ཚད་བཅས་25%བར་མཐོ་རུ་བཏང་ཡོད། མ་ཟད་རླངས་འཁོར་བརྗེ་བའི་ཁ་གསབ་ཚད་གཞི་སོགས་ཀྱང་འཛད་སྤྱོད་པ་དཀྱུས་མ་ལས་མཐོ་བ་ཡོད་པ་རེད།

—— ཞབས་ཞུ་ལེགས་སུ་བཏང་ནས་སྲིད་ཇུས་ཀྱི་ཐོབ་སྣང་ཆེ་རུ་ཏན་ཏིག་བཏང་བ།

ཡུན་རིང་མ་སོང་གོང་པེ་ཅིང་གི་གྲོང་མི་ཨ་ཅག་ཀེང་ལགས་ཀྱིས་ཁྱིམ་དུ་དྲོད་སྙོམས་ཡོ་ཆས་ཤིག་ཉོས་ནས་ཕ་མ་གཉིས་ལ་སྤྱོད་དགོས་བསམས། “ངའི་ཁྱིམ་དུ་དྲོད་སྙོམས་ཡོ་ཆས་རྙིང་པ་མེད་པས་རྙིང་པ་གསར་བརྗེས་བྱེད་སྒོར་ཞུགས་ཐབས་བྲལ་སྙམ་བྱུང་། ལས་རོགས་ཀྱིས་དྲན་སྐུལ་བྱས་པ་བརྒྱུད་ཁྱིམ་སྤྱོད་གློག་ཆས་རྙིང་པ་མེད་ཀྱང་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་པ་ཤེས་བྱུང”ཞེས་ཨ་ཅག་ཀེང་ལགས་ཀྱིས་བཤད།

ཨ་ཅག་ཀེང་ལགས་ཀྱི་བློར་བབས་པ་ནི་སྒོར་2600ཙམ་གྱི་དྲོད་སྙོམས་ཡོ་ཆས་ཤིག་རེད། ལག་ཐོགས་ཁ་པར་ནས“ཅིང་ཐུང”གི་བྱ་རིམ་ཆུང་ངུ་ཁ་ཕྱེ་བ་དང་། མི་སྒེར་གྱི་ཆ་འཕྲིན་ངོ་མ་བཀོད་ནས་ཁས་ལེན་དཔང་འདོན་བྱས་པ། ཆེད་ཁུལ་དུ་འཛུལ་ནས་པེ་ཅིང་གི་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ཀྱི་ཁ་གསབ་ཐོབ་ཐང་གསར་པ་བླངས་པ། དེ་རྗེས་ཉོ་སྒྲུབ་སྟེགས་བུ་ཁ་ཕྱེ་ནས་ཨང་རྟགས་དང་མགོ་སྦྲེལ་སོགས་བྱས་རྗེས་དྲོད་སྙོམས་ཡོ་ཆས་ཀྱི་རིན་གོང་སྒོར་2063བར་ཆག་ནས་སྒོར་500གྲོན་ཆུང་ཐུབ་པས་ཨ་ཅག་ཀེང་ལགས་ཧ་ཅང་དགའ་པོ་བྱུང་བ་རེད།

“ཁྱིམ་སྤྱོད་གློག་ཆས་སོགས་ཐད་ཀར་གསར་པ་ཉོས་ནའང་གཟིགས་སྐྱོང་ཡོད”ད་ལོའི་ཟླ་8པར་པེ་ཅིང་གིས་ལག་བསྟར་ཞིབ་སྲོལ་བཏོན་ནས་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། འཛད་སྤྱོད་པས་གཏོང་སྤྲོད་ལྷུ་ཚིགས་ཁྲོད་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་དང་ཚོང་ཟོག་གི་རིན་གོང་དང་། ཁེ་ལས་ཀྱི་གཟིགས་སྐྱོང་། སྲིད་གཞུང་གི་ཁ་གསབ་བཅས་ཁ་གསལ་པོ་ཡོད་པས་འཛད་སྤྱོད་པའི་ཐོབ་སྣང་ཆེ་རུ་ཕྱིན་ཡོད། གཞན་ཡང་། ཁེ་ལས་ཀྱིས་ཁ་གསབ་དངུལ་སྤྲོད་པ་དང་ཟུང་འབྲེལ་བྱས་ཏེ་རང་ངོས་ཀྱི་འཛད་སྤྱོད་ཐོན་ཁུངས་བཀོད་སྒྲིག་བྱས་ནས་མཛད་སྤྱོད་པར་ཕན་པ་དེ་བས་མང་པ་བསྐྲུན་གྱི་ཡོད་པ་རེད། (བསོད་བདེ་གཞོན་པས་བསྒྱུར། བདེ་དབང་གིས་ཞུས)