《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月28日

བྲེལ་བ་བྱེད་མི་རུང་ལ། དལ་པོ་ཡང་བྱེད་མི་རུང་།

ཁྲང་ཅིན།

ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ཡོང་བ་བྱ་རྒྱུ་དེ་འཕྲལ་དུ་སྒྲུབ་ཐུབ་པའི་བྱ་བ་ཞིག་མིན་པས། “སྒུག་མི་རུང་ལ་བྲེལ་བ་ཡང་བྱེད་མི་རུང་བ”དང་། ཐུན་མོང་ཕྱུག་འགྱུར་ནི་ཕུགས་ཀྱི་དམིགས་ཡུལ་ཞིག་ཡིན་པས། “བྱ་བ་འདི་ཡག་པོ་སྒྲུབ་དགོས་ན། སྒུག་མི་རུང་ལ། བྲེལ་བའང་བྱེད་མི་རུང” ནང་སོག་གི“མཚེའུ་གཅིག་དང་མཚོ་གཉིས”ཀྱི་སྦགས་བཙོག་འགོག་བཅོས་ཐད“བྲེལ་བ་བྱེད་མི་རུང་ལ། དལ་པོ་ཡང་བྱེད་མི་རུང་བར་ཆོས་ཉིད་བཞིན་བྱ་བ་སྒྲུབ་དགོས་པ”སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགྱོགས་དལ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ཐེངས་མང་ནན་བཤད་གནང་བ་དེར་དོན་སྒྲུབ་པའི་ཐབས་འདུས་ཡོད།

ལས་ཕྱོད་མགྱོགས་པོ་དོན་གཉེར་བྱེད་པར་མགྱོགས་པོ་བྱེད་དགོས་སར་མགྱོགས་པོ་བྱས་ཚེ། གཞི་ནས་གོ་སྐབས་དམ་འཛིན་ཐུབ་སྟེ་གནམ་ས་གསར་པ་ཞིག་གཏོད་ཐུབ། དལ་དུ་གཏོང་བ་ནི་སྤུས་ཚད་ཡག་པོ་ཡོང་བའི་ཆེད་དུ་ཡིན་པས། དལ་དུ་གཏོང་དགོས་སར་དལ་དུ་བཏང་ཚེ། གཞི་ནས་ལས་ཀ་ཞིབ་ཚགས་བསྒྲུབས་ནས་སྤུས་ཚད་མཐོ་པོ་མངོན་འགྱུར་བྱེད་ཐུབ། མགྱོགས་དལ་གཉིས་ཀར་དགེ་མཚན་རེ་ཡོད་ལ། སོ་སོར་འཚམ་པའི་ཆ་ཡང་ཡོད། མགྱོགས་པོ་བྱེད་དགོས་སར་མགྱོགས་པོ་མ་བྱས་ན་གོ་སྐབས་ཤོར་འགྲོ་བ་དང་། དལ་པོ་བྱེད་དགོས་སར་དལ་པོ་མ་བྱས་ན་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་སྲིད།

དོན་དངོས་དང་བསྟུན་པ་དང་། ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། བྲེལ་འཚུབ་དང་དངངས་འཚབ་མི་བྱེད་པ། སྒྱིད་ལུག་དང་ནར་འགྱངས་མི་བྱེད་པ་བཅས་བྱས་ཚེ། གཞི་ནས་བརྟན་ཐོག་ཡར་འཕེལ་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཐུབ།

ཞུང་ཨན་ཁུལ་གསར་བསྐྲུན་པར་དཔེ་བཞག་ན། 2017ལོར་ཁུལ་གསར་བཙུགས་རྗེས་འཕྲལ་དུ་ལས་འགོ་མ་ཚུགས་པར་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་སྤྱད་ནས་འཆར་འགོད་བཟོས་ཏེ“ས་ཆ་རེ་རེ་བྱས་ནས་འཆར་འགོད་གསལ་པོ་བཟོས་རྗེས་གཞི་ནས་སྐྲུན་འགོ་བཙུགས་ཡོད” ཐོག་མར་དལ་པོས་ཇུས་གཞི་འདིང་བ་དེ་རྗེས་མའི་ལས་དོན་མགྱོགས་པོ་སྒྲུབ་པའི་ཆེད་དུ་རེད། ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་མྱུར་བགྲོད་གཞུང་ལམ་ཕྱོགས་ཡོངས་ནས་བསྐྲུན་པ་ནས་ཀྲུང་དབྱང་ཁེ་ལས་ཁག་དང་པོ་གནས་སྤོ་བྱས་པའི་བར“འབྱུང་འགྱུར་གྱི་གྲོང་ཁྱེར”དེས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ་ཆུ་ཚད་མཐོ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་བྱས་པར་བརྟེན་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་གསར་པ་བྱུང་ཡོད།

“མཐའ་མའི་སྤྱི་ལེ་གཅིག”གི་ཆ་ནས་བལྟས་ན། དོན་འཁྱོལ་དམ་འཛིན་བྱེད་པར་གཙོ་བོ་བྱ་སྤྱོད་སྤེལ་ཤུགས་དང་ཕན་འབྲས་དོན་གཉེར་བྱེད་དགོས། དལ་མི་རུང་བ་ལས། སྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ཤེས་རྟོགས་ཐུབ་པ་དང་སྒྲུབ་དགོས་ན་སྒྲུབ་རྐྱང་བྱེད་པ་དང་མི་སྒུག་པ་དང་མི་བརྟེན་པར་ཏན་ཏན་ཏིག་ཏིག་ཁྲོད་རྒྱུན་ཆད་མེད་པར་ཡར་རྒྱས་བརྩོན་ལེན་བྱེད་དགོས་པ་མཚོན་ཡོད། བྲེལ་མི་རུང་བ་ལས། ལས་འགན་གྱི་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། བྱ་གཞག་འཕེལ་རྒྱས་བཅས་ཀྱི་དུས་མཚམས་རང་བཞིན་མཐོང་བར་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བྱ་གཞག་རེ་རེ་བྱས་ཏེ་སྒྲུབ་པ་དང་གོམ་པ་རིམ་བགྲོད་ཁྲོད་རིམ་པ་སྟར་ཆགས་ལྟར་མདུན་སྐྱོད་བྱེད་དགོས་པ་མཚོན་ཡོད།

“ཐཱན་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ་ནི། རྒྱ་ཁྱབ་དང་གཏིང་ཟབ་པའི་འཕོ་འགྱུར་ཤིག་ཡིན་པས། ལས་སླ་པོར་སྒྲུབ་ཐུབ་པ་ཞིག་མིན། རྡོ་སོལ་ཞིང་ཆེན་ཆེ་གྲས་ཡིན་པའི་ཧྲན་ཤིས་ཀྱིས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བའི་ཐད། ཕྱོགས་གཅིག་ནས་སྲོལ་རྒྱུན་གྱི་ནུས་རྒྱུ་འགན་ལེན་ཏན་ཏིག་བྱས་པར་བརྟེན་རྡོ་སོལ་ཐོན་ཚད་ལོ་བཞི་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཕྱོགས་གཞན་ཞིག་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་མགྱོགས་སུ་བཏང་བར་བརྟེན་ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་བརྟན་པོའི་ངང་འཕར་ཡོད། “ལག་ནང་གི་ལྟོ་ཕོར”སྔོན་ལ་མི་དོར་བར“ལྟོ་ཕོར་གསར་པ”དམ་པོར་བཟུང་བར་བརྟེན་ཧྲན་ཤིས་ཀྱི་ནུས་རྒྱུ་ཟད་ཚད་མུ་མཐུད་ཆག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

བསམ་བློ་དང་ཀུན་སྤྱོད་ཀྱི་ཐོག་ནས་བལྟས་ན། མགྱོགས་པོ་དང་དལ་པོ་མི་བྱེད་པ་ནི་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་མཚོན་ཚུལ་ཞིག་རེད། དལ་མི་རུང་བའི་ཐད་དངོས་སྒྲུབ་འགན་འཁུར་ནན་བཤད་བྱེད་པ་དང་། “བྱས་རྗེས་འཇོག་པར་ང་ཡིས་འབད་པའི”དད་སེམས་བརྟན་དུ་གཏོང་བ། གོ་སྐབས་སྔོན་འཛིན་དང་དཀའ་ངལ་བསུ་བཞིན་མདུན་སྐྱོད་བཅས་བྱས་ནས་གྲུབ་འབྲས་བཟང་པོ་ཐོབ་པར་བྱེད་དགོས། བྲེལ་མི་རུང་བའི་ཐད། “བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་བློའི་འཁྱེར་སོ་འཇགས་པའི་བླང་བྱ་འདོན་པ་དང་། དུས་མཚམས་ལས་མི་བརྒལ་བ། ད་ཡོད་ཀྱི་མཐུན་རྐྱེན་ལ་གཞིགས་པ་བཅས་བྱས་ནས་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)