འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཆི་ཆང་། ཡན་ཁོ། སུན་ཁྲའོ།
གྲངས་གཞི་ཁག་གཅིག་ལས་ཧུའུ་ནན་ཁྲང་ཧྲ་ཡིས་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་དང་ཞིབ་འཇུག་གསར་སྤེལ་གྱི་ཤེས་ལྡན་པ་གཅིག་སྡུད་མགྱོགས་པོ་བྱས་པ་གསལ་པོར་མངོན་པ་སྟེ། ད་ལོའི་ཟླ་10པའི་ཟླ་མཇུག་བར། ཁྲང་ཧྲ་གྲོང་ཁྱེར་དུ་གསར་གཏོད་ལས་སྟེགས་སྣ་ཚོགས་3167ཡོད་པ་དང་། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། ཁྲང་ཧྲ་རུ་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་688འཕར་ནས་འཕར་ཚད་ན་ནིང་གི་དུས་མཚུངས་ཀྱི་ལྡབ་བཞི་ཟིན་པ། 2023ལོ་ཚུན་དུ། ཁྲང་ཧྲ་ཡིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་ཤེས་ལྡན་པ་1300ལྷག་ཙམ་མང་དུ་བཏང་བ་དང་། ཁེ་ལས་ཀྱི་ཞིབ་སྤེལ་ལྟེ་གནས་བརྒྱུད་ཤེས་ལྡན་པ་6000ཙམ་ནང་འདྲེན་དང་། སྐྱེད་སྲིང་། གཅིག་སྡུད་བཅས་བྱས་ཡོད།
ད་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། “ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱེད་པར་འབད་བརྩོན་སྔར་བས་ཆེ་བ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་རང་འགུལ་ངང་སྦྲེལ་མཐུད་དང་། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་རྩེ་གྲ་ནང་འདྲེན་ཧུར་ཐག་བྱེད་པ། འགག་རྩའི་ཁྱབ་ཁོངས་ཀྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས”ཞེས་གསུངས་ཡོད། 2020ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། “འགག་རྩའི་ལྟེ་བའི་ལག་རྩལ་ངེས་པར་དུ་རང་གི་ལག་ཏུ་དམ་པོར་བཟུང་དགོས”ཞེས་ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཁྲང་ཧྲ་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་དེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལྟེ་བའི་རྒྱུ་རྐྱེན་ལ་བརྩིས་ནས། ཞིབ་འཇུག་གསར་སྤེལ་སྒྲིག་གཞི་ནང་འདྲེན་མགྱོགས་པོ་བྱེད་པ་དང་། རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མའི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ་རེད།
ཞིབ་འཇུག་གསར་སྤེལ་གྱི་སྒྲིག་གཞི་གཅིག་སྡུད་མགྱོགས་པོ་ཇི་ལྟར་བྱེད་དགོས་སམ།
ཚན་རྩལ་གསར་པའི་ཁྱབ་ཁོངས་ལ་དམིགས་ནས་བཀོད་སྒྲིག་ཁག་གཅིག་བྱས་པ།
སྔོན་ཐོན་རྩིས་རྒྱག་དང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ལ་དམིགས་ནས། ཤང་ཅང་ཚོད་ལྟ་ཁང་སོགས་ཧུའུ་ནན་ཞིང་ཆེན་གྱི“ཚོད་ལྟ་ཁང་ཆེན་པོ་བཞི”ཁྲང་ཧྲ་རུ་སྤྱོད་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་། འབྱུང་འགྱུར་གྱི་འཕེལ་ཕྱོགས། ཧུའུ་ནན་གྱི་ནུས་པ་བཅས་ལ་དམིགས་ཏེ་དངོས་ཚན་ཅན་གྱི་འཁོར་སྐྱོད་མངོན་འགྱུར་བྱུང་ཡོད། “ཞིབ་འཇུག་གསར་སྤེལ་གྱི་སྒྲིག་གཞི་གསར་པ་གཏན་འཁེལ་བྱས་ནས། ཁེ་ལས་ཀྱི་དགོས་མཁོར་ཕྱོགས་པ་དང་ཐོན་ལས་ཀྱི་གསར་གཏོད་ལ་ཞབས་འདེགས་ཞུ་དགོས” ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཤང་ཅང་ཚོད་ལྟ་ཁང་གི་ཀྲུའུ་རེན་ཁྲེན་ཞའོ་ཧུང་གིས། ཚོད་ལྟ་ཁང་གིས་སྤྱད་པའི་ལག་རྩལ་གསར་པའི་ནང་རང་བརྟེན་ཚོད་འཛིན་ཐུབ་པའི་རྩིས་རྒྱག་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་ཅེས་ངོ་སྤྲོད་བྱས།
ཁེ་ལས་ལ་ལྕག་སྐུལ་བྱས་ནས་ཁག་གཅིག་བཙུཌ་པ།
སྐུལ་འོད་བཀོལ་སྤྱོད་མ་ལག་ཆ་ཚང་ཞིག་གིས་རྒྱུ་ཆ་མི་འདྲ་བའི་ལས་སྣོན་བཀོལ་སྤྱོད་བརྒྱུད་རིམ་བསྡུ་སྒྲིལ་ཐུབ་པ་དེས་ཤེལ་སྒོ་དང་དབང་སྔོན་སོགས་རྒྱུ་ཆ་སྣ་ཚོགས་ལ་གནད་སྨིན་ཐག་གཅོད་ཐུབ་ཀྱི་ཡོད། ལན་སི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་ལན་སི་གསར་གཏོད་ཞིབ་འཇུག་ཁང་བཙུགས་ནས་ལོ་གཅིག་ལས་ཕྱིན་མེད་ཀྱང་། སྐུལ་འོད་དང་། རྩི་གཏོང་བ། རྒྱུ་ཆ་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་མང་པོ་བཏོད་ཡོད། “ཀུང་སི་དང་ཕྱི་ཕྱོགས་ཀྱི་ཚན་ཞིབ་སྟོབས་ཤུགས་བསྡུ་སྒྲིལ་བྱེད་དོན་ནི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ལས་རིགས་ཀྱི་ལག་རྩལ་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མུ་མཐུད་གཏོང་ཆེད་རེད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་ཀྲོའུ་ཆུན་ཧྥེ་ཡིས་བརྗོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་གི་ཟླ་9པ་ཚུན་དུ། ཁྲང་ཧྲ་ཡིས་གསར་དུ་བསྣན་པའི་ཞིབ་འཇུག་གསར་སྤེལ་སྒྲིག་གཞིའི་ཁྲོད་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་222ཟིན་ཞིང་། དེའི་ནང་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་གྲས་སུ་ཚུད་པ་དང་སྣེ་འདྲེན་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས་48ཡོད་པ་རེད།
གོ་ལ་ཧྲིལ་པོར་ཕྱོགས་ནས་ཁག་གཅིག་ནང་འདྲེན་བྱས་པ།
ད་ལོའི་ཟླ་4པར། “ཚྭ་མེད་ཆུའི་རོང་ས་ཡིན་པའི་ཀྲུང་ནན་སློབ་ཆེན་གྱི་ཐཱན་ཉུང་དང་ཆིང་ལྕགས་བཞུའི་མཉམ་འབྲེལ་ཚོད་ལྟ་ཁང”དངོས་སུ་སྤྱོད་འགོ་ཚུགས་པ་དང་། གོ་ལ་ཧྲིལ་པོའི་གཏེར་ལས་ཁེ་ལས་ཆེ་གྲས་ཡིན་པའི་པར་ཙིར་གྱི་ཚྭ་མེད་ཆུའི་རོང་སའི་ཀུང་སིས་ཀྲུང་ནན་སློབ་ཆེན་དང་མཉམ་དུ་ཐཱན་ཉུང་གི་ལག་རྩལ་གསར་མ་ཞིབ་འཇུག་གསར་སྤེལ་བྱེད་མགྱོགས་སུ་བཏང་བ་རེད། གོ་ལ་ཧྲིལ་པོའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་རྩེ་གྲ་ནང་འདྲེན་བྱེད་པའི་ཐད་ཁྲང་ཧྲ་ལ་ལྷག་བསམ་ཆེན་པོ་ཡོད་པ་སྟེ། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་ཞིབ་སྤེལ་ལྟེ་གནས་ཁྲང་ཧྲ་རུ་བཙུགས་ཏེ “དོན་དག་རེ་རེར་གྲོས་ཞིབ་རེ་རེ”བྱ་རྒྱུ་གཞིར་བཟུང་མང་ཤོས་ལ་སྒོར་དུང་ཕྱུར་10རྒྱབ་སྐྱོར་བྱེད་པ་དང་འབྲེལ། ཞིབ་སྤེལ་གྱི་མ་འཇོག་འཕར་ཚད་ཀྱི་10%གཞིར་བཟུང་ལོ་ལྟར་མང་ཤོས་ལ་སྒོར་ཁྲི་1000གི་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།
2023ལོར་ཁྲང་ཧྲ་ཡི་སྤྱི་ཚོགས་ཧྲིལ་པོའི་ཞིབ་སྤེལ་ལ་མ་དངུལ་གཏོང་ཤུགས་3%ལས་ཐོག་མར་བརྒལ་ནས་དུས་མཚུངས་ལས་21.07%འཕར་ཡོད་པ་རེད།
ན་ནིང་ཟླ་9པ་ནས་ད་ལོའི་ཟླ་10པའི་ཟླ་མཇུག་བར། ཁྲང་ཧྲ་ཡིས་ཏུན་4000རིམ་པའི་ས་ངོས་ལྗིད་འདེགས་འཕྲུལ་འཁོར་དང་སྨི་6000རིམ་པའི་མཚོ་གཏིང་ལྗིད་འདེགས་གཏེར་འདོན་ལས་སྟེགས་སོགས་འགག་རྩའི་ལག་རྩལ་ཁག་76འགག་སྒྲོལ་བྱས་ནས་ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་1785.9ཟིན་ཡོད་པ་རེད།
(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)