《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月25日

གསོག་འབོར་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་ལེགས་སུ་གཏོང་བ།

“སྐར་མ་གཉིས་གསུམ་ནང་ཐེག་ཆུང་མེ་འཁོར་བབས་ཚུགས་སུ་སྐྱོད་ཐུབ་པ་དང་། ཟླ་རེར་བོགས་དངུལ་སྒོར་900ལས་སྤྲོད་དགོས་ཀྱི་མི་འདུག”ཅེས་སློབ་གྲྭ་ཐོན་མ་ཐག་པའི་ལེ་ཧོན་ད་ལྟའི་སྡོད་གནས་ལ་བློ་ཡིད་ཚིམ་པོ་བྱུང་བཞིན་དུ་དེ་ལྟར་བརྗོད།

ལེ་ཧོན་གྱིས་བོགས་མར་བླངས་པའི་སྤྱི་ཤག་དེ་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་སུ་གནས་པ་དང་། དེ་སྔ་དུས་ཡུན་རིང་པོ་བཙོངས་ཐུབ་མེད་པའི་ཚོང་སྒྱུར་ཁང་པ་ཞིག་རེད། གསོག་འབོར་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལ་སྤྱོད་པའི་སྲིད་ཇུས་ཀྱི་ཕན་པར་བརྟེན་ནས་ཁྲུང་ཆིང་ཅ་ཡུས་སྡོད་ཁང་བོགས་གཏོང་ཚད་ཡོད་འགན་འཁྲི་ཀུང་སིས་གསོག་འབོར་ཁང་པ་དེ་དག་ཉོ་སྒྲུབ་བསྐྱར་སྐྲུན་བྱས་པ་དང་འབྲེལ། ཁང་ཁུངས་གཞན་དག་104དང་མཉམ་དུ་ཁྲོམ་རར་བཏོན་ཡོད།

ཁྲུང་ཆིང་འཛུགས་སྐྲུན་ལས་གྲྭ་མ་འཇོག་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི་ནི་ཅ་ཡུས་ཀུང་སིའི་ཀུང་སི་ཨ་མ་ཡིན་ཞིང་། སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེང་ལེང་གིས“ཅ་ཡུས་ཀུང་སིས་གན་རྒྱ་བཞག་ནས་གསོག་འབོར་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱས་ཏེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལ་སྤྱོད་པའི་རྣམ་གྲངས་13ཡོད་པ་དེའི་ནང་རྣམ་གྲངས་3ཉོ་སྒྲུབ་ཟིན་པ་དང་། དེ་བྱིངས་རྣམ་གྲངས་10ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། སྔོན་དཔག་བྱས་ན་མ་དངུལ་བསྡོམས་སྒོར་དུང་ཕྱུར་35གཏོང་རྒྱུ་རེད། ང་ཚོས་མ་དངུལ་སྒོར་དུང་ཕྱུར་8བཀོད་སྒྲིག་བྱས་པ་དང་། ལྷག་འཕྲོ་སྒོར་དུང་ཕྱུར་27མ་དངུལ་བསྡུ་སྒྲིལ་ལ་བརྟེན་དགོས་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

འདི་ལོའི་ཟླ་5པར། ཀྲུང་གོ་མི་དམངས་དངུལ་ཁང་གིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལ་བསྐྱར་དུ་དངུལ་བུན་སྒོར་དུང་ཕྱུར་3000གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ནས། དངུལ་རྩའི་སྒྲིག་གཞིར་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་གཞིར་བཟུང་ས་གནས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ལུགས་མཐུན་གྱི་རིན་གོང་ཐོག་ནས་བསྐྲུན་ཟིན་ཡང་བཙོངས་མེད་པའི་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། བགོས་འཚོང་རྣམ་པའམ་ཡང་ན་བགོ་སྒྲིག་བོགས་གཏོང་རྣམ་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལ་སྤྱོད་པར་སྐུལ་འདེབས་དང་ཁྲིད་སྟོན་བྱས་ཡོད།

ཁྲུང་ཆིང་གི་གཞུང་ཁོངས་ཁེ་ལས་ཀྱིས་གསོག་འབོར་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱས་ཏེ་བགོས་འཚོང་རྣམ་པ་དང་བགོ་སྒྲིག་བོགས་གཏོང་རྣམ་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལ་སྤྱོད་པའི་རྣམ་གྲངས་ལ་ཁྲུང་ཆིང་དངུལ་རྩའི་སྒྲིག་གཞིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཉོ་སྒྲུབ་དངུལ་བུན་དང་སྡོད་ཁང་བོགས་གཏོང་ཚོགས་པའི་ཁང་པ་ཉོ་བའི་དངུལ་བུན་བཏང་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

“འགན་སྲུང་རང་བཞིན་གྱི་སྡོད་ཁང་ཉོ་སྒྲུབ་དངུལ་བུན་གཏོང་བར་མ་རྩའི་བསྡུར་ཚད་དམའ་ཤོས་ཀྱི་བླང་བྱ་བཏོན་མེད་པས་ཉོ་སྒྲུབ་རྣམ་གྲངས་ཀྱི་མ་དངུལ་དགོས་མཁོ་ཆ་ཚང་སྐོང་ཐུབ་པ་དང་། སྡོད་ཁང་བོགས་གཏོང་གི་ཚོགས་པའི་ཁང་པ་ཉོ་བའི་དངུལ་བུན་གཏོང་བར་དངུལ་བུན་འཇལ་ཡུན་རིང་ཤོས་ལོ་30ལས་མི་བརྒལ་བ་བྱེད་པ་དེ་དེ་སྔའི་དུས་ཚོད་ལས་དེ་བས་རིང་བ་ཡོད”ཅེས་ཀྲུང་གོ་མི་དམངས་དངུལ་ཁང་ཁྲུང་ཆིང་གྲོང་ཁྱེར་ཡན་ལག་དངུལ་ཁང་སྤྱི་ཁོག་གཟབ་ནན་དོ་དམ་ཁྲུའི་ཁྲུའུ་ཀྲང་ཝང་ཧུང་གིས་བརྗོད།

ཅ་ཡུས་ཀུང་སིའི་དུས་འགོའི་རྣམ་གྲངས་ལ་དངུལ་བུན་གཏོང་མཁན་གྱི་དངུལ་ཁང་ཡིན་པའི་ཀྲུང་གོ་བཟོ་ཚོང་དངུལ་ཁང་ཁྲུང་ཆིང་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཞིབ་བཤེར་ཐོགས་མེད་བགྲོད་ལམ་བཙུགས་ཏེ། གསོག་འབོར་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལ་སྤྱོད་པའི་རྣམ་གྲངས་སྔོན་ལ་བདག་སྤྲོད་བྱེད་པ་དང་ཞིབ་མཆན་མགྱོགས་མྱུར་འགོད་ཀྱི་ཡོད་ཅིང་། ཧང་ཀྲང་གཞོན་པ་ཝང་ཅན་གྱིས“འདི་ལོ་ཅ་ཡུས་ཀུང་སིར་དངུལ་བུན་སྒོར་དུང་ཕྱུར་3.41བཏང་བ་དང་། མིག་སྔར་ཁག་གཉིས་པའི་ཉོ་སྒྲུབ་རྣམ་གྲངས་སྦྲེལ་མཐུད་བྱེད་བཞིན་ཡོད”ཅེས་བརྗོད།

རྣམ་གྲངས་ཀྱི་ཡོང་འབབ་དོ་སྙོམས་ཡོང་བའི་འགན་ལེན་བྱ་ཆེད། ཅ་ཡུས་ཀུང་སིས་འགྲིམ་འགྲུལ་སྟབས་བདེ་དང་ལེ་ལག་ཚང་བའི་གསོག་འབོར་ཚོང་སྒྱུར་ཁང་པ་ཞིབ་ཚགས་བདམས་ནས་ཁྲོམ་རར་སྤུས་ཚད་མཐོ་བའི་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མཁོ་སྤྲོད་གང་ཐུབ་བྱས་ཤིང་། ཅ་ཡུས་ཀུང་སིའི་ཏུང་ཧྲི་ཀྲང་ཁྲེན་ཧྲང་དབྱིས“ང་ཚོས་ཁྲོམ་རའི་ཆ་སྙོམས་རིན་གོང་གཞིར་བཟུང་ཀུང་སིའི་གཉེར་སྐྱོང་མ་གནས་དང་ཁེ་སྤོགས་འབབ་ཚད་ཟུང་འབྲེལ་བྱས་ཏེ། ཉོ་སྒྲུབ་རིན་གོང་གི་ཁྱབ་ཁོངས་ཞིབ་རྩིས་བརྒྱབ་ནས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བརྒྱུད་མ་གནས་དམའ་རུ་བཏང་སྟེ། རིན་གོང་དམའ་ཙམ་གྱི་ཐོག་ནས་གྲོང་མིའི་ཡིད་དབང་འཕྲོག་ཐབས་བྱེད་ཀྱི་ཡོད། རྣམ་གྲངས་དང་པོ་བཏོན་ནས་གཟའ་འཁོར་3སོང་རྗེས་ཚང་མ་བོགས་མར་བཏང་ཟིན་པ་དང་། མིག་སྔའི་གཉེར་སྐྱོང་གནས་ཚུལ་གཞིར་བཟུང་སྔོན་དཔག་བྱས་ན་ལོ་3གྱི་ནང་ཁེ་གྱོང་དོ་སྙོམས་ཡོང་བ་འདུག”ཅེས་བརྗོད།

འདི་ལོ་ཚུན། ཁྲུང་ཆིང་གིས་གསོག་འབོར་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་6000ལྷག་ཙམ་ལ་སྤྱད་པ་དང་། ལོ་ཧྲིལ་པོར་སྡོད་ཁང་ཉོ་སྒྲུབ་གན་རྒྱ་8000ལྷག་ཙམ་འཇོག་རྒྱུ་རེད།

“ང་ཚོས‘སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་པའི’བསམ་ཕྱོགས་གཞིར་བཟུང་། བསྐྲུན་ཟིན་པའི་གསོག་འབོར་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལ་སྤྱོད་པའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། གསོག་འབོར་ཁང་པ་སྤྱི་འདོམས་བེད་སྤྱོད་བྱས་པ་དང་གསར་འཚོང་སྡོད་ཁང་ལེགས་སུ་བཏང་ཡོད”ཅེས་ཁྲུང་ཆིང་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐང་ཞའོ་ཕིང་གིས་བརྗོད་པ་དང་། ཁོང་གིས། གསར་འཚོང་སྲིད་ཇུས་སྦབ་ཆ་གཅིག་རྒྱུན་མཐུད་དོན་འཁྱོལ་བྱས་ནས་ས་ཁང་ཁྲོམ་ར་གོང་འཕེལ་བརྟན་པོ་ཡོང་བར་སྐུལ་འདེད་དེ་བས་ཡག་པོ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

(པ་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)