ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག《ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》(གཤམ་དུ《སྲིད་ཇུས་དང་བྱེད་ཐབས》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཟླ་11ཚེས་22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུ་འཚོགས་ནས《སྲིད་ཇུས་དང་བྱེད་ཐབས》ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
“འདི་ལོ་ནས་བཟུང་། ཚོང་དོན་པུས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་ཁག་དང་ས་གནས་ཁག་དང་རོགས་ལས་དམ་ཟབ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཞིང་། རྒྱ་ཆེའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་པས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཐད་སྤུས་ཚད་ལེགས་གཏོང་དང་གྲངས་འབོར་བརྟན་པོའི་འཕེལ་ཕྱོགས་བཟང་པོ་སྤྱིར་ན་རྒྱུན་འཁྱོངས་ཐུབ་ཡོད”ཅེས་ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་མི་དང་པུའུ་ཀྲང་གཞོན་པ་གཅིག་ལྕོགས་ཝང་ཧྲོའུ་ཝུན་གྱིས་བརྗོད།
ཚོང་དོན་པུས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ལ་རྗེས་སྙེག་དང་བརྟག་ཞིབ་དམ་ཟབ་བྱས་ནས། བརྟག་ཞིབ་བྱེད་རིང་ཁེ་ལས་ཁག་གིས། མིག་སྔར་ཕྱིར་གཏོང་གི་ཡིད་རྟོན་འགན་བཅོལ་གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ་དང་། ཁེ་ལས་འབྲིང་ཆུང་གིས་ཕྱི་ཕྱོགས་ཚོང་དོན་གྱི་མ་དངུལ་བསྡུ་རུབ་བྱེད་པར་དཀའ་ངལ་ངེས་ཅན་འཕྲད་ཡོད་ལ། མཚོ་ཐོག་སྐྱེལ་འདྲེན་ཐད་ལ་ཡང་འཇུར་མིག་ཁ་ཤས་འཕྲད་ཡོད་ཅེས་གནས་ཚུལ་གོང་ཞུ་བྱས་པ་རེད།
ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་འཕྲད་པའི་དཀའ་ངལ་དངོས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཚོང་དོན་པུས་ཕྱི་འབྲེལ་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་སོགས་སྡེ་ཚན་དང་མཉམ་དུ་བྱེད་ཐབས་དགུ་བཏོན་པ་རེད།
དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སྟེ། ཕྱིར་གཏོང་གི་ཡིད་རྟོན་འགན་བཅོལ་གྱི་འགན་བཅོལ་ལེན་འགན་དང་ཁྱབ་རྒྱ་ཆེ་རུ་གཏོང་བ། ཆེད་ཞིབ་ཁྱད་གསར་གྱི“གྱད་མི་ཆུང་བ”དང“མངོན་མེད་ཨང་དང་པོ”སོགས་ཁེ་ལས་ལ་འགན་བཅོལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་རུབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྒྲོལ་ཚོང་དོན་གྱི་བསྡོམས་རྩིས་ལེགས་སུ་གཏོང་བ། དངུལ་རྩའི་སྒྲིག་གཞིས་ཁེ་ལས་ལ་དངུལ་བརྗེས་འཛའ་ཐང་ཉེན་ཁ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱེད་པ།
ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ་སྟེ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་ཕྱིའི་བློ་རིག་ཟོག་འགྲེམས་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་ལས་སྟེགས་འཛུགས་རྒྱུའི་འཚོལ་ཞིབ་བྱས་ནས་ཁེ་ལས་ཁག་ལ་རྒྱལ་ཕྱིའི་ཁྲིམས་དོན་དང་ཁྲལ་དོན་གྱི་ཐོན་ཁུངས་སྦྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་རྫས་སོགས་ཚོང་ཟོག་ཕྱིར་གཏོང་བྱེད་ཁྱོན་ཆེ་རུ་གཏོང་བ། ཁེ་ལས་ཁག་ལ་རྒྱལ་ཕྱིའི་ལུགས་དང་མི་མཐུན་པའི་ཚོང་དོན་ཚོད་འཛིན་བྱེད་ཐབས་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུའི་ཁྲིད་སྟོན་དང་རོགས་རམ་བྱས་ནས། ལྗང་མདོག་ཚོང་དོན་དང་ཁྲལ་མེད་ཉམས་གསོའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སྟེ། ཚོང་དོན་མི་སྣ་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱ་རྒྱུའི་ཡིད་དབང་འགུག་པ་དང་དེར་སྟབས་བདེ་བསྐྲུན་ནས་རྒྱལ་ཁབ་དེ་བས་མང་བ་དང་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་འཇོག་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་དང་མཚོ་ཐོག་སྐྱེལ་འདྲེན་ཁེ་ལས་དབར་འཐབ་ཇུས་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་དང་ལས་གནས་བརྟན་གཏོང་གི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཤོར་འགན་བཅོལ་གྱི་ལས་བརྟན་ཕྱིར་ལོག་དང་ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་དང་དེ་བཞིན་སྐྱེད་ཀ་སྤྲོད་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ།
གོམ་སྟབས་རྗེས་མར། ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་དང་མཉམ་དུ་ཕྱི་ཕྱོགས་ཚོང་དོན་གྱི་འཁོར་སྐྱོད་གནས་ཚུལ་ལ་རྗེས་སྙེག་དམ་ཟབ་བྱས་ནས་དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཞིབ་འཇུག་བྱས་ཏེ་བརྡར་ཤ་གཅོད་པ་དང་། ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་ཀྱི་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་མངགས་ཐོ་བརྟན་པོ་དང་ཁྲོམ་ར་རྒྱ་སྐྱེད་གཏོང་རོགས་བྱེད་པ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་དང་ལེགས་སུ་འགྲོ་རྒྱུར་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ནི་རྒྱལ་སྤྱིའི་ཚོང་དོན་གྱི་སྐྱེ་ལྡན་སྟོབས་ཤུགས་ཡིན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་11.5%འཕར་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་6%ཙམ་བཟུང་ཡོད་པ་རེད།
ལས་རྣམ་གསར་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད《སྲིད་ཇུས་དང་བྱེད་ཐབས》ནང་ཞིབ་ཕྲའི་བྱེད་ཐབས་བཏོན་ཡོད། ཚོང་དོན་པུས་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མཁོ་སྤྲོད་སྦྲེལ་མཐུད་ལ་ཤུགས་སྣོན་དང་། ཆ་རྐྱེན་འཛོམས་པའི་ས་གནས་ལ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཚོང་འདུས་དང་མཁོ་སྤྲོད་སྦྲེལ་མཐུད་འདུ་ཚོགས་གཉེར་རྒྱུའི་རྒྱབ་སྐྱོར་བྱེད་པ་དང་། ལུགས་བསྟུན་འཛུགས་སྐྲུན་ཡག་པོ་བྱས་ནས། མིག་སྔར་རང་རྒྱལ་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ཁེ་ལས་ཁྲི་12ཡོད་པར་ཁེ་ལས་ཀྱི་ལུགས་བསྟུན་ནུས་པ་ཆེ་རུ་གཏོང་རོགས་བྱེད་པ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་ལས་འཁོར་འབྲེལ་ལ་ནུས་སྦྱིན་དང། ལས་སྟེགས་ཁེ་ལས་དང་ཐོན་ལས་འཁོར་འབྲེལ་གྱི་གཙོ་ཁྲིད་ཁེ་ལས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཁུལ་དུ་བསྐྱོད་རྒྱུར་ལྕག་སྐུལ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འདི་ཉིད་དོན་ཚན་གསར་པ་ཞིག་ཏུ་བརྩིས་ནས་ཕྱོགས་གཉིས་པོའི་རང་མོས་ཚོང་དོན་གྲོས་ཆོད་ནང་འཇུག་རྒྱུ་ཡིན་ཞེས་བརྗོད་པ་རེད།
མིག་སྔར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་གཏོང་འཐུས་ཚོད་འཛིན་བྱ་ཐབས་མེད་པར་བཟོས་ཟིན། གློག་འཕྲིན་ཁྱབ་ཁོངས་སུ་གློག་འཕྲིན་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བརྟན་པོ་བཏང་ནས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་སོགས་སུ་གནས་ཐང་འཕར་བའི་གློག་འཕྲིན་གྱི་ལས་སྒོ་ཁག་10ཡི་ནང་ནས་ཁག་8སྒོ་ཕྱེ་ཡོད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཉེར་སྐྱོང་རིགས་ཀྱི་དྲ་ཐོག་ཚོང་དོན་སོགས་ལས་སྒོ་མང་པོའི་ཕྱི་རྒྱལ་གྱི་མ་དངུལ་མ་རྐང་གི་བསྡུར་ཚད་ཀྱི་ཚོད་འཛིན་སྔར་བས་མེད་པར་བཟོས་པ་དང་། ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་ཁེ་ལས་2220ལ་ཀྲུང་གོར་གློག་འཕྲིན་ལས་སྒོ་གཉེར་འཐུས་ཀྱི་ཆོག་མཆན་སྤྲད་ཡོད།
ཚོང་དོན་མི་སྣ་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱ་རྒྱུའི་ཡིད་དབང་འགུག་པ་དང་དེར་སྟབས་བདེ་སྐྲུན་ཆེད། ཕྱི་འབྲེལ་པུས་ཐོངས་མཆན་འགོད་རྒྱུ་སྟབས་བདེ་རུ་གཏོང་བའི་བྱེད་ཐབས་མུ་མཐུད་བཏོན་ཏེ། རྒྱལ་ཁོངས་ཕྱིའི་མི་སྣ་ཀྲུང་གོར་ཉམས་ལེན་བྱེད་པར་ཡོང་རྒྱུར་སྔར་བས་སྟབས་བདེ་རུ་བཏང་ཡོད། ཕྱི་འབྲེལ་པུའི་ཁེ་སྐྱོང་སིའི་འགན་འཁུར་བ་ཐུང་ཞུའེ་ཅུན་གྱིས། མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ་25དང་ཕྱོགས་ཡོངས་ནས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པ་བཟོས་པ་དང་། ཧྥ་རན་སེ་དང་འཇར་མན་སོགས་རྒྱལ་ཁབ་29ལ་ཕྱོགས་རྐྱང་པའི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྔ་རྗེས་སུ་ལག་བསྟར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཟླ་11ཚེས་30ཉིན་ནས་བཟུང་། རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་38བར་མང་དུ་གཏོང་རྒྱུ་ཡིན་པ་རེད། མིག་སྔའི་བར། རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ་157དང་ལམ་ཡིག་རིགས་མི་འདྲ་བ་ཚུད་པའི་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་བཞག་པ་དང་། ཀྲུང་གོའི་ཐོངས་མཆན་འདུན་ཞུའི་རེའུ་མིག་པར་གཞི་གསར་པ་བཏོན་ཏེ་རྣམ་གྲངས་ལེགས་གཏོང་དང་སྟབས་བདེ་རུ་བཏང་ཚད་34%ཟིན་ཏེ་རེའུ་མིག་འགོད་པའི་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་ཡོད་པ་རེད། འདི་ལོའི་དུས་ཚིགས་གསུམ་པར་ཕྱི་རྒྱལ་བ་མི་ཐེངས་ཁྲི་818.6རྒྱལ་མཚམས་སུ་འཛུལ་བ་དེ་དུས་མཚུངས་ལས་48.8%འཕར་བ་དང་། དེའི་ནང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་སུ་འཛུལ་མཁན་མི་ཐེངས་ཁྲི་488.5ཟིན་པ་དེ་དུས་མཚུངས་ལས་78.6%འཕར་ཡོད་པ་རེད། (དམ་ཆོས་མི་ཕམ་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)