《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月24日

ཟོག་འཁོར་གྱི་ཁ་ལོ་བ་ཁྲི་ཆིག་སྟོང་ལ་ཉེ་བས་དྲ་རྒྱའི་ལས་སྟེགས་ནས་ཟོག་ཁུངས་འཚོལ་བཞིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧན་ཤིན།

རང་རྒྱལ་དུ་གཞུང་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱིས་སྤྱིའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱི་བཅུ་ཆ་བདུན་ཙམ་བཟུང་ཡོད། དྲ་རྒྱའི་ཟོག་འདྲེན་བྱེད་སྟངས་གསར་པ་ཐོན་པ་དེས་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ཕྱིན་པ་དང་དུས་མཚུངས་དུས་ཡུན་རིང་པོར་གཞུང་ལམ་སྐྱེལ་འདྲེན་གྱི་ཁྲོམ་ར“ཆུང་བ་དང་། ཁ་ཐོར། ཟང་ཟིང”བཅས་ཀྱི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་ཡོད། འབྲེལ་ཡོད་བརྟག་དཔྱད་ལས་མངོན་པར། སྲོལ་རྒྱུན་གྱི་སྐྱེལ་འདྲེན་བྱེད་སྟངས་དང་བསྡུར་ཚེ། དྲ་ཐོག་ཟོག་འདྲེན་ནས་ཆ་སྙོམས་དངོས་ཟོག་བཀོད་སྒྲིག་བྱེད་ཡུན་ཉིན་1ནས་3བར་འགོར་བ་ནས་ཆུ་ཚོད་6ནས་8བར་ཐུང་དུ་ཕྱིན་པས་ཟོག་འགྲེམས་ཉོ་ཚོང་གི་མ་གནས་6%ནས་8%བར་ཆག་ཡོད་པ་རེད།

གྲངས་འཛིན་ལག་རྩལ་དང་འགྲིམ་འགྲུལ་ཟོག་འགྲེམས་མཉམ་འདྲེས་གཏིང་ཟབ་བྱུང་བ་དང་བསྟུན་ནས་དྲ་རྒྱའི་ཟོག་འདྲེན་ལས་རིགས་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད། གཞི་ཁྱོན་ལ་བལྟས་ན། མིག་སྔའི་བར་རྒྱལ་ཡོངས་སུ་དྲ་རྒྱའི་ཟོག་འདྲེན་ཁེ་ལས་3000ལྷག་ཙམ་ཡོད་པ་དང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཁྲི་1000ལ་ཉེ་བས་ལས་སྟེགས་བརྒྱུད་ནས་ཟོག་ཁུངས་འཚོལ་བཞིན་ཡོད་པ་རེད། ཁྱབ་ཁོངས་ལ་བལྟས་ན། མིག་སྔར་དྲ་རྒྱའི་ཟོག་འདྲེན་དེ་སྤྱིར་བཏང་གི་ཟོག་འདྲེན་ནས་དོས་སྒམ་དང་གྲང་ཕྲེང་སོགས་ཆེད་སྤྱོད་སྐྱེལ་འདྲེན་ཕྱོགས་སུ་རྒྱ་སྐྱེད་བཞིན་ཡོད་པ་དང་། གཞུང་ལམ་རྐྱང་པའི་སྐྱེལ་འདྲེན་ནས་སྣ་མང་མཉམ་འདྲེན་ཕྱོགས་སུ་སྣུར་སྲིང་བྱེད་བཞིན་ཡོད་པ་རེད།

རིག་ནུས་ཟོག་འགྲེམས་ཀྱིས་གྲངས་གཞི་ཆེན་པོ་དང་ཟོག་འབྲེལ་དྲ་རྒྱ་སོགས་ཀྱི་ལག་རྩལ་གསར་པ་མཁོ་སྤྲོད་འཁོར་འབྲེལ་གྱི་ལྷུ་ཚིགས་ཁག་ཏུ་མཉམ་འདྲེས་ཐུབ་ནས་ཟོག་འགྲེམས་འཁོར་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པ་དེས་བཟོ་སྐྲུན་ཁེ་ལས་དང་ཟོག་འགྲེམས་ཀུང་སི་མི་ཉུང་བ་ཞིག་གི་ཚད་གཞི་ལྟ་བུར་གྱུར་ཡོད་པ་རེད།

རིག་ནུས་ཟོག་འགྲེམས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ནི་འབྲེལ་ཡོད་སྡེ་ཚན་གྱིས་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་ལས་བྱུང་བ་ཞིག་རེད།

ཕྱོགས་གཅིག་ནས་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་སྣེ་ཁྲིད་དུ་བྱས་ནས་ཟོག་འགྲེམས་ལས་རིགས་རིག་ལྡན་ཅན་གྱི་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་ཡོད། དཔེར་ན། གཞུང་ལམ་དང་ཆུ་ཐོག་འགྲུལ་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་གྱི་རྨང་གཞིའི་གྲངས་གཞིའི་ཚན་པ་དང་རྒྱལ་ནང་གི་དོས་སྒམ་སྣ་མང་མཉམ་འདྲེན་གྱི་གློག་རྡུལ་སྐྱེལ་ཐོ་སོགས་ཀྱི་ཚད་གཞིས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་གྲངས་གཞིའི་ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་ཐུབ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས་ཚོད་ལྟ་བྱ་ཡུལ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རྣམ་པ་གསར་པ་མགྱོགས་མྱུར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། མིག་སྔར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་མཆན་འགོད་བཀའ་ལན་གནང་བའི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་གྱི་ཚོད་ལྟའི་རྣམ་གྲངས་300ལྷག་ཙམ་ཁྲོད་དུ་རིག་ནུས་ཟོག་འགྲེམས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་60ལྷག་ཙམ་ཡོད་པ་རེད།

གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་དང་། ཕུན་སུམ་ཚོགས་ཤིང་རྒྱ་ཆེ་བའི་བཀོལ་སྤྱོད་རྣམ་པ། ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་ཆ་འཕྲིན་ལག་རྩལ་བཅས་ཀྱིས་རིག་ནུས་ཟོག་འགྲེམས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་གཞི་ཞིག་ཆགས་ཡོད། ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲངས་གཞིའི་ལག་རྩལ་ལ་ཤུགས་སྣོན་རྒྱག་པ། ལས་རིགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་ཐབས་མང་མཉམ་སྤྱོད་བྱས་ཚེ། རིག་ལྡན་ཟོག་འགྲེམས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་ཆུང་དུ་ནུས་ལྡན་འགྲོ་བ་དང་། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་བ། དཔལ་འབྱོར་འཁོར་སྐྱོད་ཀྱི་ཕན་འབྲས་ཆེ་རུ་འགྲོ་བ་བཅས་ལ་འདེགས་སྐྱོར་ཆེན་པོ་མཁོ་འདོན་ཐུབ་རྒྱུ་རེད།