འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། སློབ་གསོ་པུའུ་དང་། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་ཀྱི་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི་2024ལོའི་འཛམ་གླིང་ལས་རིགས་ལག་རྩལ་སློབ་གསོའི་འཕེལ་རྒྱས་ཚོགས་ཆེན་ཐེན་ཅིན་དུ་འགོ་ཚུགས་པ་རེད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ། རྒྱལ་སྤྱིའི་རྩ་འཛུགས། སློབ་གླིང་དང་སློབ་གྲྭ་བཅས་ཀྱི་འཐུས་མི་1200ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
སྐབས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་ལ་ནུས་པ་བསྣན། རྩལ་ནུས་ལ་བརྟེན་ནས་མི་ཚེ་དོན་དུ་གཉེར”ཞེས་པ་དེ་ཡིན་ཞིང་། ཚེས་21ཉིན་གྱི་ཕྱི་དྲོར། ཐོན་སློབ་མཉམ་འདྲེས་བྱས་ནས་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ལས་རིགས་སློབ་གསོར་བརྟེན་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད། རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་གི་གོ་ལ་ཧྲིལ་པོའི་འཐབ་ཇུས་དང་ལག་ལེན། ལས་རིགས་སློབ་གསོའི་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ཀྱི་ལག་ལེན་གསར་གཏོད། ལས་རིགས་སློབ་གསོ་དང་ཚེ་གང་སློབ་སྦྱོང་མཉམ་འདྲེས་འཕེལ་རྒྱས། ལས་རིགས་སློབ་གསོའི་སྤུས་ཚད་འགན་ལེན་མ་ལག་འཛུགས་པ་སོགས་ཀྱི་གྲོས་གཞིར་དམིགས་ནས་རིམ་མཚུངས་ཚོགས་འདུ་ཐེངས་6འཚོགས་པ་དང་། ཚོགས་ཞུགས་སྐུ་མགྲོན་ཚོས་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་འཛམ་གླིང་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་ཀྱི་མནའ་འབྲེལ་འཛུགས་པའི་མཛད་སྒོ་འཚོགས་ཤིང་། དེ་ནི་རང་རྒྱལ་གྱིས་གཙོ་ཁྲིད་བྱས་པའི་འཛམ་གླིང་གི་ལས་རིགས་སློབ་གསོའི་མཉམ་ལས་རྩ་འཛུགས་ཀྱི་སྒྲིག་གཞི་ཐོག་མ་དེ་རེད། རྒྱལ་ཁབ་དང་ས་ཁུལ་43ནས་ཡོང་བའི་མཐོ་སློབ་དང་། ལས་རིགས་ལག་རྩལ་སློབ་གླིང་། ལས་རིགས་ཁེ་ལས། སློབ་གསོ་རྩ་འཛུགས་སོགས་སྒྲིག་གཞི་89ཁོངས་ཞུགས་ཚན་པ་ཁག་དང་པོའི་ངོས་ནས་མནའ་འབྲེལ་ལ་ཞུགས་པ་རེད།
ཚོགས་ཆེན་རིང་པུའུ་ཀྲང་རིམ་པའི་གྲལ་སྒོར་ཚོགས་འདུ་འཚོགས་ཤིང་། རང་རྒྱལ་ཚུད་པའི་རྒྱལ་ཁབ་ཀྱི་སློབ་གསོའམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་32ཚོགས་འདུར་ཞུགས་པ་དང་། 《འཛམ་གླིང་གི་ལས་རིགས་སློབ་གསོ་འཕེལ་རྒྱས་ཐད་ཀྱི་ཐེན་ཅིན་གྱི་ཐུན་མོང་ངོས་འཛིན—རྒྱལ་ཁབ་32ཀྱི་པུའུ་ཀྲང་གི་བསྒྲགས་གཏམ》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་སྟེ། འཛམ་གླིང་གི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཐད་རེ་འདོད་འཆར་འགོད་བྱས་ཡོད། ཚོགས་ཆེན་གྱིས་ལས་རིགས་སློབ་གསོའི་ཆེད་དོན་འགྲེམས་སྟོན་དུས་མཉམ་དུ་བཀོད་སྒྲིག་བྱས་ནས་ལས་རིགས་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ཕུལ་བའི་མངོན་གསལ་དོད་པའི་ལེགས་སྐྱེས་ངོམ་སྟོན་བྱས་པ་རེད། ཚེས་21ཉིན་གྱི་དགོང་མོར་ད་དུང་འཛམ་གླིང་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་པོའི་ཨང་དང་པོའི་མཐའ་བསྡུར་བྱས་ནས་ལས་རིགས་སློབ་གླིང་གི་སློབ་མའི་ཉམས་འགྱུར་མངོན་པར་བྱས་པ་རེད།
(ཚེ་དབང་ལྷ་མོས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)