འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། 2021ལོའི་ཟླ་9པར། ལེང་ཧྲན་ཀྲོའུ་ཡི“སྲོལ་གསར་བཙུགས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ”དང་བུད་མེད་དང་བྱིས་པར་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ལོ་གསུམ་གྱི་རྒྱབ་སྐྱོར་བྱ་སྤྱོད་སྤེལ་ཚུན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན། སྒོར་དུང་ཕྱུར་1.2ལྷག་ཙམ་གྱི་དངུལ་ཟོག་བཏང་ནས་དོན་དངོས་ཀྱི་རྣམ་གྲངས་45ལག་བསྟར་བྱས་པ་དང་སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ལ་རྒྱབ་སྐྱོར་བྱས་ནས་མི་ཐེངས་ཁྲི་80ཙམ་ལ་ཁྱབ་པའི“བུད་མེད་ཀྱི་སྒྲོག་འགྲེལ་ཆེ་མོའི”བྱེད་སྒོ་སྤེལ་ཏེ་བུད་མེད་ཁྲི་2.3ལྷག་ཙམ་ལ་དབྱིས་རིགས་ཀྱི་འཚེམ་དྲུབ་དང་ཁྱིམ་ལས་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ་དང“དཔྱིད་ཐིའུ་སློབ་སྐྱོར་བྱ་སྤྱོད”ཀྱི་ཐོག་ནས་བྱིས་པ་བུ་མོ་7500ཙམ་སློབ་མཐར་ཡོང་བར་རོགས་སྐྱོར་བྱས་ཡོད།
ཚེས་18དང་19ཉིན། སི་ཁྲོན་དུ་འཚོགས་པའི་ཕྱོགས་སྡོམ་ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་། ཀྲུང་གོ་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་སོགས་ཚན་པ་6གིས་ཉམས་མྱོང་དང་བྱ་ཐབས་མཉམ་སྤྱོད་བྱས་པ་དང་ལེང་ཧྲན་ཀྲོའུ་ཡི“གཙང་ཞིང་མཛེས་པའི་ཁྱིམ་ཚང”གི་འཐུས་མི་དང་ནང་སོག་གི“གཅེས་སེམས་ཨ་མའི”འཐུས་མིས་ཤེས་དཔལ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ལག་བསྟར་བྱེད་པའི་ཁྱིམ་ཚང་གི་གཏམ་རྒྱུད་དང་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་རོགས་སྐྱོར་བྱེད་པའི་གཅེས་སེམས་གཏམ་རྒྱུད་སོ་སོར་བརྗོད་ཡོད། ཕྱོགས་སྡོམ་ཚོགས་འདུའི་ཐོག “བུད་མེད་ཀྱིས་མཉམ་དུ་ལག་གདང་སྦྲེལ། དབྱིས་རིགས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་ཡོང་བར་བྱེད་པའི”རྣམ་གྲངས་དུས་གཅིག་ཏུ་སྤེལ་ཞིང་། རྣམ་གྲངས་དེས་ལེང་ཧྲན་ཀྲོའུ་ཡི་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་གི་དགོས་མཁོ་དང་རེ་སྒུག་ལ་གཞི་བཙུགས་ནས་དྲིལ་བསྒྲགས་སྒྲོག་འགྲེལ་དང་། ནུས་སྤྲོད་གསོ་སྦྱོང་། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ། གཅེས་སྐྱོང་ཞབས་ཞུ། ལས་ཀའི་ཐོན་ཁུངས་སོགས་དབྱིས་རིགས་བུད་མེད་ལ་མཁོ་འདོན་བྱས་པ་རེད།