ཟླ་11ཚེས་8ཉིན། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གནམ་བདེ་སྒོ་མོ་ས་ཁུལ་དོ་དམ་ཨུ་ལྷན་གྱིས་བོད་ལྗོངས་མི་རིགས་སློབ་ཆེན་ལ་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་རྒྱལ་དར(ཨང་གྲངས་2022-0141)སྤྲད་པ་རེད།
ཟླ་11ཚེས་10ཉིན། ཞོགས་པའི་ཉི་གཞོན་ས་གཞི་ཡོངས་ལ་འཕྲོ་བ་དང་བསྟུན་ནས་བོད་ལྗོངས་མི་རིགས་སློབ་ཆེན་ཆིང་ཧན་སློབ་ཁུལ་དུ་དགེ་སློབ་ཡོངས་ཀྱིས་གྲལ་བསྟར་བསྒྲིགས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས་རྒྱལ་དར་ལ་བསུ་བ་ཡང་ཞུས་པ་རེད།
སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཁྲོད་སློབ་གྲྭའི་རྒྱལ་དར་སྲུང་སྐྱོང་རུ་ཁག་གི་རུ་མིས་སྒམ་བརླིང་དང་གྲལ་བསྟར་འགྲིག་པོས་མཛད་སྒོའི་སྟེགས་བུའི་ཐོག་བསྐྱོད་དེ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར”ཞེས་པའི་ཡིག་འབྲུ་བརྐོས་པའི་དར་སྒམ་གྱི་ཁ་དལ་བུར་ཕྱེ་བ་དང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གྲལ་འགྲིག་པོ་ཡོད་པ་དང་སྐར་མ་ལྔའི་འོད་མདངས་རབ་ཏུ་འཚེར།
རྒྱལ་དར་བཀྲམ་མ་ཐག་སློབ་གྲྭ་ཡོངས་སུ་འབྲུག་སྒྲ་ལྡིར་བ་ལྟར་གྱི་ཐལ་མོའི་རྡེབ་སྒྲ་གྲགས།
རྒྱལ་དར་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་ཤིག་ཡིན། གནམ་བདེ་སྒོ་མོའི་ཐང་ཆེན་དུ་བསྒྲེངས་པའི་རྒྱལ་དར་ཚང་མ་གསར་རྐྱང་ཡིན་ལ། ཚང་མར་ཨང་གྲངས་ཐུན་མོང་མ་ཡིན་པ་རེ་ཡོད། 2022ལོའི་ཟླ་10ཚེས་15ཉིན། གནམ་བདེ་སྒོ་མོའི་ཐང་ཆེན་དུ་བསྒྲེངས་པའི་རྒྱལ་དར་དེ་སྤྱི་ལེ་1100ལྷག་ཙམ་བརྒལ་ནས་མེས་རྒྱལ་གྱི་ལྟེ་བ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་གིས་བོད་ལ་བཙུགས་པའི་མཐོ་སློབ་དང་པོ་ཡིན་པའི་བོད་ལྗོངས་མི་རིགས་སློབ་ཆེན་དུ་འབྱོར། དེ་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དྲན་གསོའི་དོན་སྙིང་དང་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་པ་ཞིག་རེད།
2018ལོའི་ཟླ་10ཚེས་15ཉིན། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལོ་60རིང་གི་སློབ་གྲྭའི་སློབ་གཉེར་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་སློབ་གྲྭའི་འབྱུང་འགྱུར་འཕེལ་རྒྱས་ལ་མངགས་བཅོལ་ཟབ་མོ་གནང་ཡོད།
མངགས་བཅོལ་ཡིད་ལ་བརྟན་པོར་བཅངས། བཀའ་དྲིན་ཚོར་བཞིན་མདུན་དུ་བསྐྱོད། ལོ་དྲུག་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་རྟེན་འབྲེལ་འཕྲིན་ཡིག་སྤྱིའི་རྩ་འཛིན་དུ་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཚགས་ལེན་པ་དང་། རྟེན་འབྲེལ་འཕྲིན་ཡིག་བརྗོད་དོན་གཙོ་བོར་བྱས་ཏེ་རྟག་ཏུ་གླེང་བ་དང་རྟག་ཏུ་གསལ་འགྲེལ་བྱེད་པ། རྟེན་འབྲེལ་འཕྲིན་ཡིག་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བྱས་ཏེ་འཆར་གཞི་ལེགས་པར་འགོད་པ་བཅས་བྱས་ཡོད། ལོ་དྲུག་རིང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་སུས་འཇོན་དེ་འགུག་རྣམ་གྲངས་གལ་ཆེན་ཐོག་མར་ཐོབ་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིའི་རྣམ་གྲངས་ལ་སྣེ་ཁྲིད་དང་འགན་ཐེངས་དང་པོ་འཁུར་བ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཙོ་གནད་རྣམ་གྲངས་2ལ་དུས་གཅིག་ཏུ་ཆོག་མཆན་ཐོབ་པ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སོགས་རྣམ་གྲངས་གལ་ཆེན་ནང་ཧུར་ཐག་ཞུགས་པ་རེད། འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་འབུམ་རམས་པའི་ཡོན་གནས་རིམ་པ་དང་པོའི་རིག་ཚན་གྱི་ཡོན་གནས་སྤྲོད་དབང་ཡོད་པའི་ཆོག་མཆན་ཐོབ་ནས་སློབ་གྲྭའི་སློབ་གཉེར་རིམ་པའི་སྤུས་ཚད་མཐོ་རུ་ཕྱིན་ཡོད།
མིག་སྔར་ལྟ་སྐྱོང་དང་། འབྱུང་འགྱུར་ལ་དོ་ཁུར་བྱེད། “གོམ་སྟབས་རྗེས་མར། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རྒྱལ་དར་ལ་བླ་ན་མེད་པའི་གུས་བཀུར་ཞུ་རྒྱུ་དེ་རྒྱལ་གཅེས་དང་བོད་དར་གྱི་ལྷག་བསམ་དང་འགན་འཁྲི་འཁུར་སེམས་ལ་སྒྱུར་བ་དང་སློབ་སྦྱོང་དང་ལས་བཀུར་གྱི་འཛད་མཐའ་མེད་པའི་སྒུལ་ཤུགས་ལ་བསྒྱུར་ནས་ངར་སེམས་འཕེལ་བ་དང་འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པའི་བློ་སྦྱོང་བསླབ་སྐྱོང་གི་འདུ་འགོད་ལ་དམ་པོར་དམིགས་ཏེ‘བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས’བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱ་ཆེད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཧྲོའུ་ཁོན་གྱིས་བཤད།
བོད་ལྗོངས་མི་རིགས་སློབ་ཆེན་ལ་རྒྱལ་དར་རག་པ་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྩ་ཤིན་ཏུ་ཆེ་བའི་རྒྱུ་ནོར་ཞིག་ཡིན་པས། སློབ་གྲྭའི་ལོ་རྒྱུས་ཁང་གིས་གཏན་དུ་ཉར་ཚགས་བྱ་རྒྱུ་རེད།
“དར་དམར་འོག་འཚར་ལོངས་བྱུང་བ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་ཡིན་པ་མྱོང་ཚོར་ཟབ་མོ་བྱུང་། ང་བོད་ནས་ཡོང་བ་ཡིན། ཆུང་དུས་ནས་བརྙན་འཕྲིན་བརྒྱུད་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོར་བལྟ་མྱོང་བས། གནམ་བདེ་སྒོ་མོའི་མདུན་དུ་བསྐྱོད་ནས་རྒྱལ་དར་སྒྲེང་བར་ལྟ་རྒྱུ་བྱུང་ཚེ་ཅི་འདྲའི་དགའ་བ་ལའང་སྙམ་མྱོང་ཡོད” རྒྱལ་དར་དེར་ལྟ་བཞིན་བོད་ལྗོངས་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་ཁང་མི་རིགས་རིག་པའི་ཆེད་ལས་ཀྱི་སློབ་མ་བཀྲ་ཤིས་ཆོས་སྐྱིད་ཀྱིས། མཚམས་འདིར་རང་ཉིད་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སླེབས་པ་ལྟར་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་ཚོར་སྣང་བྱུང་ཞེས་བཤད།
(ཉི་དོན་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)