ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ཐོ་ཁེའོ་རུ་ཀྲུང་གོ་དང་རི་པིན་དབར་གསར་འགོད་པ་མངགས་ནས་ལོ་60འཁོར་བའི་དྲན་གསོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོར་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་ལས་རིགས་མི་སྣས། དོན་དངོས་ཇི་བཞིན་འགོད་པ་དང་ཀྲུང་རིའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་བ་དེ་མུ་མཐུད་འགན་འཁྲིར་བརྩིས་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བརྗོད་ཅིང་། རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཅང་ཧའོ་དང་། རི་པིན་གྱི་ཕྱི་དོན་བློན་ཆེན་སྲིད་དོན་དཔོན་ཧྲེང་ཏའོ་ཧོང་ཙི། ཀྲུང་རིའི་གཙོ་རྒྱུན་སྨྱན་སྦྱོར་དང་གསར་འགྱུར་སྒྲིག་གཞིའི་འཐུས་མི། ཀྲུང་རི་སྤེལ་རེས་ཀྱི་འབྲེལ་ཡོད་མི་སྣ། རྒྱལ་ཁབ་གཉིས་ཀྱི་ན་གཞོན་གྱི་འཐུས་མི་བཅས་མི་100ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)