ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་། ས་ཁུལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཉམ་དུ་འབད་བརྩོན་དང་། མཐུན་སྒྲིལ་རོགས་ལས། གཉིས་ཁེ་གཉིས་ཕན་བཅས་ཡོང་བའི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུའི་ཐག་བཅད་པ་རེད།
ཟླ་11ཚེས་9ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་རྒྱ་ཁྱབ་བྱུང་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་སྟེ་རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བྱ་གཞག་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་གཞག་ཁྲོད་དུ་འཐབ་ཇུས་རོགས་ལས་སྔར་བས་དམ་ཟབ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་བཅས་བྱས་ནས་ས་ཁུལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐག་བཅད་ཡོད། དེས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཁ་ཕྱོགས་སྔར་བས་གསལ་དུ་ཕྱིན་ཡོད།
ཕུའུ་ལ་པོ་ཝོ་འདི་ལོའི་ཟླ་བ་གསུམ་པར་ཙུང་ཐུང་ལ་བདམས་རྗེས་འཕྲལ་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་དངོས་སུ་ལས་འགན་ཁུར་རྗེས་སླར་ཡང་ཀྲུང་གོར་ཐེངས་དང་པོར་འཚམས་འདྲིར་ཕེབས་པ་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ལུགས་མཚོན་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་འཐབ་ཇུས་རང་བཞིན་ཡང་མངོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་དུས་མཚམས་གསར་པར་སླེབས་ཡོད། ད་ཐེངས་འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་གསར་སྤེལ་དང་། མཚོ་ཐོག་དཔལ་འབྱོར། ཆུ་བེད། གཏེར་ཁའི་ཐོན་རྫས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་དང་། ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད། རྒྱལ་ཁབ་གཉིས་པོའི“འདེད་སྐུལ་བཞིའི”མཉམ་ལས་དེ་ཆབ་སྲིད་དང་། དཔལ་འབྱོར། མི་ཆོས་རིག་གནས། མཚོ་ཐོག བདེ་འཇགས་བཅས“ཀ་རྟེན་ཆེན་པོ་ལྔའི”མཉམ་ལས་སུ་རིམ་པ་སྤར་ཏེ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་འཛུགས་ཆེད་སྒུལ་ཤུགས་གསར་པ་བསྣན་ཡོད།
རྒྱལ་ཁབ་དེང་རབས་ཅན་དང་མི་རིགས་བསྐྱར་དར་མངོན་འགྱུར་གྱི་འགྲོ་ལམ་ཐད་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འདུ་ཤེས་མཐུན་ཞིང་ཕན་ཚུན་གཉིས་ཀར་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་ལྡན་པས་བློ་སེམས་གཅིག་མཐུན་གྱི་ལམ་གྲོགས་དང་རོགས་ཟླ་བཟང་པོ་ཞིག་རེད། ཕྱོགས་གཉིས་པོས་འཐབ་ཇུས་རང་བདག་དང་བདག་དབང་འདྲ་མཉམ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང“2045ལོའི་རྫོགས་ལྡན་གྱི་ཧིན་རྡུ་ཉི་ཞི་ཡའི”འདུན་པ་འབྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་ཐད་ཕན་ཚུན་རོགས་རམ་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་ཆེད་ཐབས་ལམ་གྱི་གདམ་ག་དང་ལག་ལེན་གྱི་ཇུས་གཞི་དེ་བས་མང་བ་གཏོད་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཐའ་འཁྱོངས་བྱས་ཏེ། ཅ་དབན་མྱུར་བགྲོད་ལྕགས་ལམ་མུ་མཐུད་གཉེར་སྐྱོང་ཡག་པོ་བྱེད་པ་དང་། “ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས། འཁོར་རྒྱུག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཚོ་ཐོག་ཐུན་མོང་གསར་སྤེལ་གྱི་མཉམ་ལས་བྱེད་པ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་གཏོང་བ། མཉམ་འདྲེས་འཕེལ་རྒྱས་དེ་བས་མངོན་འགྱུར་ཡག་པོ་ཡོང་བ་བཅས་བྱས་ནས་རང་རང་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ངེས་རེད།
ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་སྲུང་སྐྱོང་བྱེད་པ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཐུན་མོང་གི་དོན་གཉེར་བྱེད་ས་རེད། ཧིན་རྡུ་ཉི་ཞི་ཡ་ཡིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་དུ“སྣེ་ཁྲིད་པའི”ནུས་པ་མུ་མཐུད་འདོན་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐུན་སྒྲིལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། ས་ཁོངས་ཀྱི་སྒྲོམ་གཞིའི་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་རྒྱབ་སྐྱོར། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ནུས་པ་དེ་བས་ཆེ་བ་འདོན་པར་རྒྱབ་སྐྱོར་བཅས་བྱེད་པར་ཧིན་རྡུ་ཉི་ཞི་ཡ་ཡིས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་དགའ་བསུའང་ཞུ་གི་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་30འཁོར་བའི་དྲན་གསོའི་དབུ་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ཏེ་ཞི་བདེ་དང་། ལྷིང་འཇགས། དར་རྒྱས། མཛེས་སྡུག མཛའ་གྲོགས་བཅས་ཀྱི“ཁྱིམ་གཞིས་ཆེན་པོ་ལྔ”མཉམ་དུ་སྐྲུན་པ་དང་དོན་སྙིང་ལྡན་པ་དང་། དོན་དངོས་རང་བཞིན། གཉིས་ཕན་བཅས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་དེ་བས་ཟབ་པ་འཛུགས་པའི་ཕུགས་འདུན་དོན་གཉེར་བྱེད་རོགས་བྱེད་ངེས་ཡིན།
(རིག་རྡོར་གྱིས་བསྒྱུར། ལྷག་ཚེས་ཞུས)