ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། སྡོད་ཁང་ཉོ་ཚོང་ལྷུ་ཚིགས་ཀྱི་གན་ཁྲལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཞིང་གི་གནས་ཐང་འཕར་ཁྲལ་གྱི་སྔོན་བསྡུ་བྱེད་ཚད་དམའ་རུ་བཏང་བ་སོགས་ས་ཁང་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁྲལ་བསྡུའི་སྲིད་ཇུས་མང་པོ་ཞིག་ཚེས་13ཉིན་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ་རེད།
དེ་ཉིན། ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་བཅས་ཀྱིས་འབྲེལ་ཡོད་སྤྱི་བསྒྲགས་སྤེལ་ནས་གོང་གསལ་གྱི་བཀོད་སྒྲིག་ཁ་གསལ་བཟོས་པ་རེད།
སྡེ་ཚན་གསུམ་གྱི་འབྲེལ་ཡོད་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་སྲིད་ཇུས་ལེགས་སྒྲིག་བྱས་ནས་སྡོད་ཁང་ཉོ་ཚོང་ལྷུ་ཚིགས་ཀྱི་གན་ཁྲལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་མིའི་འཕྲལ་མཁོ་དང་ལེགས་བཅོས་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། ས་ཞིང་གི་གནས་ཐང་འཕར་ཁྲལ་སྔོན་བསྡུའི་ཚད་དམའ་ཤོས་སུ་བཏང་ནས་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ནོར་དོན་དཀའ་ངལ་ཞི་ལྷོད་དུ་གཏོང་རྒྱུ་རེད།
ཞིབ་ཕྲའི་ཐད་ནས་བལྟས་ན། གན་ཁྲལ་གྱི་ཕྱོགས་ནས། ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་མི་སྒེར་གྱིས་ཉོས་པའི་ཁྱིམ་ཚང་གི་སྡོད་ཁང་འབའ་ཞིག་དང་ཁྱིམ་ཚང་གི་སྡོད་ཁང་གཉིས་པ་ཡིན་ཕྱིན། རྒྱ་ཁྱོན་སྨི་ངོས་གྲུ་140ལས་མི་བརྒལ་ཚེ། གཅིག་གྱུར་ཐོག་ཁྲལ་ཚད་1%ལྟར་གན་ཁྲལ་འཇལ་ཆོག ས་ཞིང་གི་གནས་ཐང་འཕར་ཁྲལ་གྱི་ཕྱོགས་ནས་ས་ཁུལ་ཁག་གི་ས་ཞིང་གི་གནས་ཐང་འཕར་ཁྲལ་སྔོན་བསྡུའི་ཚད་དམའ་ཤོས་དེ་བརྒྱ་ཆའི་གྲངས་0.5གཅིག་གྱུར་དམའ་རུ་གཏོང་རྒྱུ་རེད། ས་གནས་ཁག་གིས་ས་ཁུལ་དེ་གའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དངོས་སུ་ལག་ལེན་བསྟར་རྒྱུའི་སྔོན་བསྡུ་བྱེད་ཚད་ལེགས་སྒྲིག་བྱས་ཆོག
དེ་དང་ཆབས་ཅིག་སྡེ་ཚན་གསུམ་གྱི་འབྲེལ་ཡོད་སིའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། སྤྱིར་བཏང་གི་སྡོད་ཁང་དང་སྤྱིར་བཏང་མིན་པའི་སྡོད་ཁང་གི་ཚད་གཞི་མེད་པར་བཟོ་བའི་ཕན་ཚུན་འབྲེལ་མཐུད་ཀྱི་གནས་ཐང་འཕར་ཁྲལ་དང་ས་ཞིང་གི་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ཁ་གསལ་བཟོས་ནས་ཉིས་བརྒྱུད་ཁང་པའི་ཉོ་ཚོང་གི་མ་གནས་དམའ་རུ་གཏོང་བ་དང་། ས་ཁང་བདག་ཁོངས་ཁེ་ལས་ཀྱི་ཁྲལ་འགན་བརྟན་པོ་རྒྱུན་འཁྱོངས་བྱ་རྒྱུ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)