《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月16日

ལིའུ་ཀྲི་ཆང་།

དུས་ཆེན་དང་གུང་གསེང་གི་ཉིན་གྲངས་ལེགས་སྒྲིག་བྱས་ནས་

མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་ཧུར་ཐག་བསློགས་པ།

ཟླ་11ཚེས་12ཉིན། 《〈རྒྱལ་ཡོངས་ཀྱི་ལོ་རེའི་དུས་ཆེན་དང་དྲན་གསོའི་ཉིན་མོར་ངལ་གསོ་འཇོག་ཐབས〉བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》དང་2025ལོའི་དུས་ཆེན་དང་གུང་གསེང་གི་ཉིན་གྲངས་ཁག་གཅིག་བཀོད་སྒྲིག་དང་ཁྱབ་བསྒྲགས་བྱས་པ་རེད། ད་ཐེངས་ལེགས་སྒྲིག་གི་འགྱུར་ལྡོག་གཙོ་བོ་ཕྱོགས་གསུམ་ནས་མཚོན་པ་སྟེ། གཅིག་ནི་གུང་གསེང་གི་ཉིན་གྲངས་མང་དུ་བཏང་ཞིང་། ལུགས་རྙིང་ལོའི་གནམ་གང་དང་ཟླ་5ཚེས་2ཉིན་ཀྱི་ཉིན་གཉིས་མང་དུ་བཏང་བས་སྤྱི་དམངས་ཡོངས་ལ་གུང་གསེང་ཉིན་གྲངས་11ནས་13བར་མང་དུ་སོང་བ་དང་། གཉིས་ནི་གུང་གསེང་འཇོག་པའི་སྒྲིག་སྲོལ་སྔར་བས་ཁ་གསལ་དུ་བཏང་ཞིང་། ལེགས་སྒྲིག་བྱས་པ་བརྒྱུད་རང་རྒྱལ་གྱི་ཁྲིམས་གསལ་དུས་ཆེན་དང་གུང་གསེང་གི་དུས་ཚོད་ནི“གུང་གསེང་རིང་བ་2+གུང་གསེང་འབྲིང་བ་1+གུང་གསེང་ཐུང་བ་4”བཅས་ཀྱི་དུས་མཚམས་གསུམ་ལྡན་གྱི་བཀོད་པ་ཞིག་ཆགས་རྒྱུ་རེད། སྤྱི་དམངས་ཀྱིས་ལོ་ཐོར་བལྟས་ན་མ་འོངས་ལོ་ཤས་རིང་གི་གུང་གསེང་དུས་ཚོད་བཀོད་སྒྲིག་བརྩི་ཐུབ་པས་སྔ་སྣུར་ནས་དུས་ཆེན་དང་གུང་གསེང་དུས་ཚོད་ལ་ཚན་རིག་དང་ལུགས་མཐུན་ཡིན་པའི་འཆར་འགོད་རན་པོ་བྱེད་ཆོག གསུམ་ནས་གུང་གསེང་ལེགས་སྒྲིག་གི་བྱ་ཐབས་སྔར་བས་ལེགས་སུ་བཏང་ཞིང་། དམིགས་བསལ་གྱི་དུས་ཆེན་རེ་ཟུང་ཕུད། ཁྲིམས་གསལ་དུས་ཆེན་དང་གུང་གསེང་གི་སྔ་རྗེས་སུ་བསྟུད་མར་ལས་ཀར་འགྲོ་བའི་ཉིན་གྲངས་སྤྱིར་བཏང་ཉིན་6ལས་བརྒལ་མི་ཆོག་པ་ཁ་གསལ་བཏོན་ཡོད།

《རྒྱལ་ཡོངས་ཀྱི་ལོ་རེའི་དུས་ཆེན་དང་དྲན་གསོའི་ཉིན་མོར་ངལ་གསོ་འཇོག་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཟོས་པ་ནས་བཟུང་སྔ་རྗེས་སུ་1999ལོ་དང་། 2007ལོ། 2013ལོ་བཅས་ལ་བཟོ་བཅོས་ཐེངས་རེ་བརྒྱབ་ཡོད་པ་རེད། ལོ་འདི་དག་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཐོན་ལས་ཀྱི་གྲུབ་ཆ་རིམ་སྤོར། ཞབས་ཞུའི་ལས་རིགས་ཀྱི་བསྡུར་ཚད་འཕར་བ། ཐོན་སྐྱེད་ཀྱི་ལས་ཕྱོད་མཐོ་རུ་འགྲོ་བ་སོགས་རྒྱུ་རྐྱེན་གྱི་རྐྱེན་པས་བབ་བསྟུན་ངང་དུས་ཆེན་དང་གུང་གསེང་གི་ཉིན་གྲངས་མང་དུ་གཏོང་བར་རྨང་གཞི་བཏིང་ཡོད། མི་སེར་གྱིས་ཀྱང་འཚོ་བའི་ཆུ་ཚད་དེ་བས་མཐོ་བ་དང་དུས་མཚུངས་སོས་དལ་བག་ཕེབས་ཀྱི་དུས་ཚོད་དེ་བས་མང་བ་ལོངས་སྤྱོད་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད།

ད་རེས་ལེགས་སྒྲིག་བྱེད་སྐབས། མང་ཚོགས་ཁག་དང་ཕྱོགས་མི་སོ་སོའི་རེ་འདུན་ལ་བསམ་གཞིག་བྱེད་པའི་དམིགས་ཡུལ་ལ་གཞིགས་ཏེ་སྤྱི་ཚོགས་ཡོངས་ཀྱི“མཐུན་ཆ་ཆེ་ཤོས”ལ་གང་ཐུབ་བསྟུན་ཡོད། 《བྱ་ཐབས》ཁྱབ་བསྒྲགས་བྱས་རྗེས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱས་ནས་མང་ཚོགས་ལ་སྲིད་ཇུས་ཀྱི་ཕན་པ་ལོངས་སུ་སྤྱོད་ཐུབ་པའི་རེ་བ་ཡོད། ལྷག་པར་དུ་ཕོགས་ལྡན་ལོ་རེའི་འཁོར་ཞག་ལམ་ལུགས་སྔར་བས་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། མང་ཚོགས་ལ་ཁྲིམས་གསལ་དུས་ཆེན་དང་གུང་གསེང་ཕུད་པའི་འཁོར་ཞག་འཇོག་པ་བརྒྱུད་སྔར་བས་གང་ལེགས་དང་སྟབས་བསྟུན་རང་བདག་གི་གུང་གསེང་ཞིག་བཀོད་སྒྲིག་ཐུབ་པར་བྱེད་དགོས།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)