འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཧུའུ་པེའི་ཧྲི་ཡན་དུ་2024ལོའི་དུས་ཚིགས་གསུམ་པའི“ཀྲུང་གོའི་མི་བཟང་མིང་ཐོ”ཡོངས་བསྒྲགས་མཛད་སྒོ་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་མི་བཟང་གི་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་སྤེལ་བ་རེད། ས་གནས་ཁག་གིས་འོས་སྦྱོར་དང་། དྲ་གྲོགས་ཀྱིས་དཔྱད་མོལ། རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་སོགས་ཀྱི་ལྷུ་ཚིགས་བརྒྱུད། གཞན་ཕན་སྒྲུབ་པར་དགའ་བ་དང་། བདེན་པའི་རྒྱབ་ལངས། གཞུང་དྲང་དང་ཁ་དན་ཚིག་གནས། ལས་བཀུར་སྐྱེས་འབུལ། རྒན་པར་སྲི་ཞུ་དང་གཉེན་ལ་གཅེས་སྐྱོང་བཅས་བྱེད་མཁན་ཉེ་འགྲམ་གྱི་མི་བཟང་152(ཚོགས་ཆུང)གཟི་བརྗིད་མིང་ཐོར་ཚུད་པ་རེད།
མིང་ཐོར་ཚུད་པའི་མི་བཟང་གི་གྲས་སུ། ལོ་30ལྷག་ཙམ་མཚོ་ཐོག་རོགས་སྐྱོབ་བརྟན་སྲུང་བྱེད་པའི“ཉ་པའི་བུ་ཕྲུག”ཏུང་ཅན་ཧའེ་དང་། གྲང་ངར་ཆེ་བའི་དུས་སུ་འཁྱགས་ཆུར་མཆོངས་ནས་མི་སྐྱོབ་ཆེད་རང་སྲོག་བློས་གཏོང་མཁན་གྲོང་མི་དཀྱུས་མ་ཀའོ་ཡོན་ལིང་། ལོ་43རིང་རང་མོས་ངང་སྔོན་གཤེགས་དཔའ་བོའི་བང་སོ་སྲུང་མཁན་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྒན་གྲས་ཀུའུ་ཕིང་། འབྲུབ་འགོག་གི་འཐབ་ས་དང་པོར་སྲོག་ཤོར་བའི་90ནང་སྐྱེས་ཀྱི་གཞི་རིམ་ལས་བྱེད་པ་ལི་ཏུང་། ལོ་21རིང་ནད་ཕོག་པའི་གཉེན་ཉེར་ལྟ་རྟོག་བྱེད་མཁན་མནའ་མ་བཟང་པོ་ཝང་ཤིའུ་ཅེ་སོགས་ཡོད། ཁོང་ཚོ་ནི་སྤྱི་ཚོགས་ཀྱི་སྤྱི་དམངས་བཟང་པོ་དང་། ཚན་པའི་ལས་མི་བཟང་པོ། ཁྱིམ་ཚང་གི་ཁོངས་མི་བཟང་པོ་བཅས་ཡིན་པ་དང་ཁོང་ཚོས་བདེན་དགེ་མཛེས་གསུམ་བརྒྱུད་བསྒྲགས་དང་དྲང་ནུས་བརྒྱུད་སྤེལ་བྱས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ“ཀྲུང་གོའི་མི་བཟང”གི་འཐུས་མི་ལྔ་ཡིས་ཁོང་ཚོའི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་དང་འབྲེལ། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་དུས་རབས་གསར་པའི་གཞོན་ནུ་བཟང་པོ་དང་སྤེལ་རེས་བྱས་ཏེ་དཔའ་བོ་དཀྱུས་མའི་སྤྱིར་བཏང་མིན་པའི་ཆ་མངོན་པར་བྱས་ཡོད། ཁོང་ཚོའི་མི་སེམས་འགུལ་བའི་གཏམ་རྒྱུད་ལས་ཉེ་འགྲམ་གྱི་མི་བཟང་ཁྲི་སྟོང་མང་པོའི་ཏང་གཅེས་རྒྱལ་གཅེས་དང་དྲིན་ཚོར་འབད་འབུངས་ཀྱི་དུས་རབས་ཀྱི་ཉམས་འགྱུར་གཅིག་སྡུད་ཐོག་མཚོན་པ་དང་། སྤྱི་ཚོཌ་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ནུས་ལྡན་བཏང་ཡོད། དྲ་གྲོགས་ཚོས“ཁོང་ཚོའི་གཏམ་རྒྱུད་ལས་མི་རྣམས་ཀྱིས་དྲོ་སྐྱིད་ཚོར་བ་མ་ཟད། ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་ལས་དེང་རབས་སྤྱི་ཚོགས་ཐོག་བཀྲག་མདངས་རབ་ཏུ་འཚེར་བའང་མཐོང་ཐུབ”ཅེས་པའི་ལན་གཅིག་རྗེས་གཉིས་མཐུད་ངང་བཞག་ཡོད།