《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月15日

ཟླ་དང་པོ་ནས་དགུ་པའི་བར་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་6.3%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་52281.6ཟིན་པ་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་6.3%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་ལ་འདེགས་སྐྱོར་གལ་ཆེན་མཁོ་འདོན་ཐུབ་ཡོད།

ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་ཚབ་མཚོན་བྱས་པའི་སྒུལ་ནུས་གསར་པའི་ལས་རིགས་ཀྱི་ཁེ་སྤོགས་ཅུང་མགྱོགས་པོ་འཕར་ནས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཆ་མངོན་ཡོད། ཟླ་དང་པོ་ནས་དགུ་པའི་བར་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་དང་། དེ་བཞིན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཟོ་སྐྲུན། གློག་འདྲེན་ཕྱེད་གཟུགས་ལྷུ་ལག་གི་ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་སོགས་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་17.1%དང་13.2%སོ་སོར་འཕར་བ་དང་། རིག་ནུས་འཁོར་ཐོག་སྒྲིག་ཆས་བཟོ་སྐྲུན་དང་། གྱོན་ཆོག་པའི་རིག་ནུས་སྒྲིག་ཆས་བཟོ་སྐྲུན། རིག་ནུས་མི་མེད་འཕུར་སྐྱོད་འཕྲུལ་ཆས་བཟོ་སྐྲུན་སོགས་རིག་ནུས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་27.5%དང་། 25.6% 10.2%བཅས་སོ་སོར་འཕར་བ། ལིས་གྱེས་རྡུལ་གློག་རྫས་བཟོ་སྐྲུན་སོགས་ལྗང་མདོག་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་58.8%འཕར་ཡོད། གསར་དར་ལས་རིགས་གཞན་དག་ཁྲོད་ཕྱོགས་སྟོན་དང་། ཐིག་ལེན་རིས་འབྲི། གནམ་གཤིས། རྒྱ་མཚོའི་ཆེད་སྤྱོད་ཡོ་བྱད་བཅས་བཟོ་སྐྲུན་དང་། ཚོར་སྣང་སྐྱེན་པའི་ལྷུ་ལག་དང་དེ་བཞིན་ཚོར་ཆས་བཟོ་སྐྲུན། གློག་རྡུལ་གློག་ལམ་བཟོ་སྐྲུན་སོགས་53.3%དང་། 35.0% 33.5%བཅས་སོ་སོར་འཕར་ནས་འཕར་ཚད་ཅུང་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

(པ་ཕན་གྱིས་བསྒྱུར། རིག་རྡོར་དང་པ་ཕན་གྱིས་ཞུས )