《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月15日

ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་ལྟ་འདོམས་ཚད་ལྡན་དུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧོའུ་ལིན་ལེང་དང་ཝང་ཀྲེ།

གནམ་གཤིས་རིམ་བཞིན་གྲང་དུ་ཕྱིན་པ་དང་སྦྲགས་རང་རྒྱལ་གྱི་བྱང་ཕྱོགས་སུ་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་གཅིག་རྗེས་གཉིས་མཐུད་ངང་ཤར་ཞིང་། ལོ་འགའི་སྔོན་གྱི་ད་ལྟའི་དུས་སུ་མིན་ཅེ་བྲེལ་བརྩོན་གྱིས་ཁེངས་པ་དང་ཧྲན་ཏུང་ཨའོ་ཏེ་སོལ་རླངས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཡིན་པའི་ཁོང་གིས་དྲོད་རླངས་མཁོ་འདོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ལ་འབྲེལ་ཡོད་སྡེ་ཚན་གྱི་ཞིབ་བཤེར་སྣ་ཚོགས་དང་ལེན་བྱེད་དགོས་ཀྱི་ཡོད།

“འདི་ལོ་ཞིབ་བཤེར་བྱེད་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ནས་མིག་སྔར་ཁྱོན་ཞིབ་བཤེར་ཐེངས་གཉིས་ལས་བྱས་མེད”ཅེས་མིན་ཅེ་ཡིས་བཤད་པ་དང་། མི་རིང་བའི་གོང་ལིན་དབྱི་གྲོང་ཁྱེར་ལུའོ་ཀྲོང་ཆུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་དང་ཁྲོམ་ར་ལྟ་འདོམས་ཅུས་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་ཀུང་སིར་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཞིབ་བཤེར་བྱེད་པར་སླེབས་མོད། “ཞིབ་བཤེར་བྱེད་ཡུན་ཆུ་ཚོད་གཅིག་ཀྱང་ཟིན་མེད” དེས་ན་དེ་སྔ་མིན་ཅེ་ཡི་ཀུང་སིར་ཟླ་རེར་ཞིབ་བཤེར་ཐེངས་མང་བྱེད་པ་དང་རྟག་ཏུ་སྣེ་ལེན་བྱེད་མཁན་དང་སྙན་སེང་ཡིག་ཆ་གྲ་སྒྲིག་བྱེད་དགོས་ཀྱི་ཡོད།

“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”གི་སྒྱུར་བཅོས་ལས་ཞིབ་བཤེར་བྱེད་ཐེངས་ཉུང་དུ་དང་ལས་ཕྱོད་ཆེ་རུ་སོང་ཡོད། འདི་ལོའི་ཟླ་7པར་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་སྒྱུར་གྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》བཀྲམ་སྟེ་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞིབ་བཤེར་བྱ་སྤྱོད་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་བ་དང“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”གི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ“ཐེངས་གཅིག་ལ་ལས་དོན་ཁག་མང་པོ་ཞིབ་བཤེར་ཐུབ་པ”མངོན་འགྱུར་བྱེད་དགོས་ཞེས་བཏོན་པ་རེད།

ཕྱོགས་མང་པོ་ནས་ཞིབ་བཤེར་དང་། ཡང་ཡང་ཞིབ་བཤེར། གང་འདོད་ཞིབ་བཤེར་བཅས་མི་བྱེད་པར་སྡེ་ཚན་མི་འདྲ་བའི་འགན་འཁྲིའི་གསལ་ཐོ་གསེད་བཀྲོལ་བྱ་རྒྱུ་གནད་འགག་ཏུ་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་ཡོང་བར་དམ་འཛིན་བྱེད་དགོས། ཧྲན་ཏུང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཁེ་ལས་སུ་ཞིབ་བཤེར་བྱེད་དབང་གི་འགན་འཁྲིའི་གསལ་ཐོའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྲིད་འཛིན་ཞིབ་བཤེར་གྱི་དོན་ཚན་500གྲུབ་སྟེ་ལག་བསྟར་སྒྲིག་གཞི་དང་། གཏན་འཁེལ་གྱི་གཞི་འཛིན་ས། རིམ་པའི་དབང་ཚད་སོགས་ཁ་གསལ་བཟོས་ཡོད། འདི་ལོ་ཚུན། ཧྲན་ཏུང་ཞིང་ཆེན་གྱིས་ཁེ་ལས་སུ་ཞིབ་བཤེར་བྱེད་ཚད་30%ཡན་ཉུང་དུ་ཕྱིན་ཡོད་པ་རེད།

ལིན་དབྱི་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོང་ཝུའེ་ཡིས“གསལ་ཐོའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་ལ་མཉམ་འབྲེལ་ཞིབ་བཤེར་བྱེད་པ་དང་། སྣེ་ཁྲིད་སྡེ་ཚན་ཡིན་པའི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་མཉམ་འབྲེལ་ཞིབ་བཤེར་ལས་སྟེགས་སུ་སྙན་སེང་འཆར་གཞི་བཏོན་ནས་ལས་སྟེགས་ཀྱིས་རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་དང་སྦྲེལ་ཏེ་མཉམ་འབྲེལ་ཞིབ་བཤེར་གྱི་ལས་འགན་གསལ་ཐོ་བཟོས་ནས‘ཁེ་ལས་སུ་སྐྱོད་ཐེངས་གཅིག་ལ་གཅིག་སྡུད་ཞིབ་བཤེར’བྱེད་དགོས་པའི་གཏན་འབེབས་བྱས་ཡོད”ཅེས་བཤད།

ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་དང་ལྟ་འདོམས་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་མ་ཟད། ད་དུང་ཁེ་ལས་ཀྱི་རེ་ཞུ་ཤར་བགྲོད་ཡོང་བ་བྱས་ཏེ་ཁྲིམས་སྒྱུར་ལྟ་སྐུལ་གྱི་གདུབ་ཟུམ་ལམ་ལུགས་ཆགས་པར་བྱེད་དགོས།

ཁྲིམས་སྒྱུར་མི་སྣ་ཕྱིར་ཐོན་མ་ཐག་ཧྲན་ཏུང་ཐའེ་སེན་རི་ཧྲེང་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཐང་ཀུའེ་པིན་གྱི་ལག་ཐོགས་ཁ་པར་ལ་འཕྲིན་ཐུང་ཞིག་འབྱོར་ནས་ཁྱེད་ཀྱིས་ཁྲིམས་སྒྱུར་བརྒྱུད་རིམ་ལ་གདེང་འཇོག་ཡོད་པ་ཞུ་ཞེས་འཁོད་ཡོད། སྦྲེལ་མཐུད་ཁ་ཕྱེ་སྐབས་ལྟ་འདོམས་སྡེ་ཚན་དང་ཁྲིམས་སྒྱུར་མི་སྣའི་ཆ་འཕྲིན་གསལ་པོ་འཁོད་པ་དང་ཁོང་གིས་ཁྲིམས་སྒྱུར་མི་སྣའི་རྣམ་འགྱུར་དང་ཞིབ་བཤེར་གྱི་ལས་ཕྱོད་སོགས་ལ་རེ་རེ་བཞིན་དཔྱད་བརྗོད་བྱས་པ་རེད། ཐང་ཀུའེ་པིན་གྱིས“ཁྲིམས་སྒྱུར་བརྒྱུད་རིམ་ལ་ལྟ་སྐུལ་ཡོད་པས་ང་ཚོས་ཞིབ་བཤེར་དང་ལེན་བྱེད་སྐབས་གདེང་ཚོད་དེ་བས་ཆེན་པོ་འདུག”ཅེས་བཤད།

ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་གཏིང་ཟབ་བྱས་ཏེ་ཁེ་ཕན་ཧམ་གཉེར་གྱི་ཁྲིམས་སྒྱུར་དང་ཁྲིམས་སྒྱུར་ཐལ་དྲགས་པ་སོགས་ཀྱི་གཉེར་སྐྱོང་བྱེད་པོའི་བསམ་འཆར་ཆེ་བའི་གནད་དོན་གཅིག་བསྡུས་ཐོག་བཅོས་སྐྱོང་བྱས་ཤིང་། མིག་སྔའི་བར་ཧྲན་ཏུང་ཞིང་ཆེན་གྱི་ཁྲིམས་སྒྱུར་བྱེད་པོ་7000ལྷག་ཙམ་ཚང་མར་དག་ཐེར་རྩིས་ཁྲ་བཟོས་ནས་ས་གནས་ཁག་གིས་མངོན་གསལ་དོད་པའི་སྲིད་འཛིན་ཁྲིམས་སྒྱུར་གནད་དོན་ཁྱོན་2708ཞིབ་བཤེར་ཐག་གཅོད་བྱས་པར་གནད་དོན་2440དག་ཐེར་ཐུབ་པ་རེད།

ཧྲན་ཏུང་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་དབྱང་ཙེང་ཧྲེང་གིས“ང་ཚོས་མུ་མཐུད་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བ་དང་ཁྲིམས་སྒྱུར་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པར་བརྟེན་ནས་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་འབོར་ཚད་འཕར་བའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད། (སྒྱུར་ཞུས་པ་བསོད་བདེ་ཆེ་བ)