འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀོང་ཤིས་ཀུའེ་ལིན་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་དང་ངལ་ནུས་སྤུས་རྟགས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་རིང་གཅིག་སྡུད་འགྲེམས་འཁྲབ་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་། ཀོང་ཤིས་ཀྱི་མི་སྤྱི་སྡེ་ཚན་གྱིས་ཀུའེ་ལིན་གྱི་ངལ་ནུས་སྤུས་རྟགས་རབ་དང་རིམ་པ་འཛུགས་སྐྱོང་གཏིང་ཟབ་དང་། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན། སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རོགས་སྐྱོར། ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་སོགས་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རྒྱས་རབ་དང་རིམ་པ་བྱུང་བ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་གཅིག་སྡུད་འགྲེམས་སྟོན་ཁུལ་དང་། འགྲེམས་འཁྲབ་ཁུལ། ཞིམ་ཟས་ཁུལ། ངོ་འཕྲད་གྲོས་མོལ་ཁུལ་བཅས་བཙུགས་ནས། ཀུའེ་ལིན་གྱི་ངལ་ནུས་སྤུས་རྟགས་རབ་དང་རིམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཤིང་། ཞིང་ཆེན་མང་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་སྐབས་རིམ་བྱུང་གི་ཞིང་པ་ལས་མིའི་རྩལ་ནུས་འགྲན་བསྡུར་ཆེན་པོའི་བྱ་དགའ་ཐོབ་མཁན་སོགས་གདན་དྲངས་ཏེ། ས་གནས་ས་ཐོག་ཏུ་རྩེར་སོན་གྱི་ལག་རྩལ་ངོམ་པ་དང་། ལས་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བཅས་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ལྟ་སྐོར་བས་ཞིམ་ཟས་ལ་མྱོང་རོལ་དང་འགྲེམས་འཁྲབ་ལ་ལྟ་ཞོར་དུ་མངོན་མིན་རིག་གནས་ཤུལ་བཞག་དང་རྩལ་ནུས་ལག་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་ཆོག
ཉེ་བའི་ལོ་ཤས་རིང་། ཀོང་ཤིས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་དང་ངལ་ནུས་སྤུས་རྟགས་ཀྱི་རྩལ་ནུས་སྐྱེད་སྲིང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཁག་གཅིག་སྔོག་འདོན་བྱེད་པར་ཁྲིད་སྟོན་དང་། ཁག་གཅིག་ལས་གཏོད་ཐུབ་པར་སྐུལ་ཁྲིད། རྩལ་ནུས་ཁག་གཅིག་གསར་སྤེལ་བཅས་བྱས་པ་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་དང་ངལ་ནུས་སྤུས་རྟགས་རིམ་སྤོར་མཐོར་གཏོང་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན། མི་ཐེངས་ཁྲི་50.88ངལ་ནུས་སྤུས་རྟགས་ཀྱི་འབྲེལ་ཡོད་གསོ་སྦྱོང་ལ་ཞུགས་པ་དང་། མི་ཐེངས་ཁྲི་58.68ལས་ཞུགས་ལས་གཏོད་ཐུབ་པར་སྐུལ་ཁྲིད་བྱས་ཏེ། ས་གནས་དེ་གའི་མང་ཚོགས་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་བཏང་ཡོད། (པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)