《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月14日

རང་རྒྱལ་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་སྔོན་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། སྡེ་ཚན་གཉིས་ཀྱིས་མཉམ་འབྲེལ་ཐོག《སྨན་བཅོས་འགན་བཅོལ་ཐེབས་རྩ་སྔོན་སྤྲོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་གཞུང་དོན་ཁང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གི་བརྡ་ཐོ》བཀྲམ་པའི་ནང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་སྔོན་སྤྲོད་ལམ་ལུགས་རྒྱལ་ཁབ་རིམ་ངོས་ནས་གཅིག་གྱུར་དང་འཐུས་ཚང་དུ་བཏང་སྟེ། མ་དངུལ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐུབ་རྒྱུར་ནུས་སྐྱེད་རམ་འདེགས་བྱས་པ་རེད།

བརྡ་ཐོའི་ནང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་སྔོན་སྤྲོད་དངུལ་ནི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་གྲོན་དངུལ་སྔ་རྟིང་སྤྲོད་པའི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། འགན་བཅོལ་ནང་ཞུགས་མཁན་ཚོའི་སྨན་བཅོས་ཐོབ་སྣང་ཟབ་ཏུ་གཏོང་བ་བཅས་བྱེད་པར་བཀོད་སྒྲིག་བྱས་པའི་འཁོར་རྒྱུག་མ་དངུལ་ཡིན་པས། སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་ཉོ་སྒྲུབ་སོགས་སྨན་བཅོས་འགྲོ་གྲོན་འཁོར་རྒྱུག་ཐད་སྤྱོད་ཆོག་པ་ལས་སྨན་བཅོས་སྒྲིག་གཞིའི་རྨང་གཞིའི་འཛུགས་སྐྲུན་ཐད་ཀྱི་འགྲོ་སོང་དང་། རྒྱུན་གཏན་གཉེར་སྐྱོང་། བུ་ལོན་འཇལ་བ་སོགས་སྨན་བཅོས་འགྲོ་གྲོན་མིན་རིགས་ཐད་སྤྱོད་མི་ཆོག་ཅེས་ཁ་གསལ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་། ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་སྡེ་ཚན་ཁག་གིས་སྤྱི་འདོམས་ས་ཁུལ་ལ་སྨན་བཅོས་འགན་བཅོལ་ཐེབས་རྩ་སྔོན་སྤྲོད་ལས་དོན་སྤེལ་རྒྱུའི་མཛུབ་ཁྲིད་བྱེད་དགོས། སྤྱི་འདོམས་ས་ཁུལ་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྷག་དངུལ་གཞིར་བཟུང་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཚན་དང་གྲོས་བསྡུར་བྱས་ཏེ་འབྲེལ་ཡོད་སྔོན་སྤྲོད་དངུལ་གྱི་ལམ་ལུགས་ཞིབ་འཇུག་བྱས་ནས་འཛུགས་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“ཐེབས་རྩའི་བདེ་འཇགས་ནི་སྔོན་སྤྲོད་ལས་དོན་སྤེལ་བའི་གཞི་རྩའི་སྔོན་འགྲོ་ཡིན་པས། གང་ཐུབ་ཅི་ཐུབ་དང་གང་ནུས་ཅི་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས”ཞེས་བཤད།

བརྡ་ཐོ་ལྟར་ན། རྩ་དོན་ཐོག་སྤྱི་འདོམས་ས་ཁུལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཐེབས་རྩའི་རིམ་རྩིས་ལྷག་དངུལ་གྱིས་གཏོང་སྤྲོད་ཆོག་པའི་ཟླ་གྲངས་ཟླ་བ་12ལས་མི་ཉུང་ཚེ་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་ཐེབས་རྩ་ནས་སྔོན་སྤྲོད་བྱེད་ཆོག གྲོང་མིའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་རིམ་རྩིས་ལྷག་དངུལ་གྱིས་གཏོང་སྤྲོད་ཆོག་པའི་ཟླ་གྲངས་ཟླ་བ་6ལས་མི་ཉུང་ཚེ་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ནས་སྔོན་སྤྲོད་བྱེད་ཆོག ལོ་སྔོན་མར་སྐབས་དེའི་ཆད་གྲངས་མཚལ་ཡིག་བྱུང་བའམ་ཡང་ན་ཟླ་བ་12ནང་རྒྱུན་སྐོར་ཚོད་རྩིས་བརྒྱབ་ན་ལོ་དེར་ཆད་གྲངས་མཚལ་ཡིག་འབྱུང་རྒྱུ་ཡིན་པའི་སྤྱི་འདོམས་ས་ཁུལ་གྱིས་སྔོན་སྤྲོད་བྱེད་མི་ཆོག

(དམ་ཆོས་མི་ཕམ་གྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)