《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月14日

མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་གྲོང་ཁྱེར་ཡག་པོ་སྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན།

ཧྲང་ཧའེ་ཡིས་དུས་རབས་གསར་པའི་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལེའུ་གསར་པ་བརྩམས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཧྲི་ཨན། ཅུས་ཡུན་ཕེང་།

2019ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས“གྲོང་ཁྱེར་ནི་མི་དམངས་ཀྱི་གྲོང་ཁྱེར་རེད། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས”ཞེས་གསུངས་ཡོད། 2020ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག“གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་གནས་འཕྲོད་བདེ་སྡོད་ཡོང་རྒྱུ་གཙོ་བོར་བཞག་ནས་ཐོན་ཁུངས་ཡག་ཤོས་དེ་མི་དམངས་ལ་འཇོག་དགོས”ཞེས་གསུངས་པ་རེད། ཉིན་ཤས་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་ཀྱི“རྒན་གྲས་སྒྲོག་འགྲེལ་ཚོགས་པའི”བློ་མཐུན་ཡོངས་ལ་འཕྲིན་ལན་སྤྲིངས་ནས“མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་གྲོང་ཁྱེར་ཡག་པོ་སྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན”ཞེས་ནན་བཤད་གནང་བ་རེད།

དུས་རབས་གསར་པའི་རྒྱང་ལམ་གསར་པས་ཧྲང་ཧའེ་ལ་མི་དམངས་ཀྱི་གྲོང་ཁྱེར་སྐྲུན་པའི་ལས་འགན་གསར་པ་སྤྲད་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཧྲང་ཧའེ་ཡིས་མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་བྱ་རྒྱུ་དེ་མངོན་གསལ་དོད་པའི་བརྗོད་དོན་གཙོ་བོར་བརྩིས་ནས་མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་བྱ་ཡུལ་ཡག་ཤོས་གཏོད་པར་ཤུགས་རྒྱག་གི་ཡོད།

གྲོང་ཁྱེར་འཆར་འགོད་བྱེད་སྐབས་དམངས་ལ་དགོས་མཁོ་འདྲི་བ་དང་དམངས་ལ་ཐབས་ཇུས་འདྲི་རྒྱུ་རྒྱ་ཁྱབ་དང་གཏིང་ཟབ་ཡོང་བར་བྱེད་པ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཧྲང་ཧའེ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད《རྩ་གནད》བཟོ་རིང་། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱིས་དྲ་ཐོག་དང་དྲ་ཕྱིར་དམངས་ཚོགས་ཀྱི་ཐབས་འདོན་ལས་སྟེགས་བཏོད་པར་འཆར་འགོད་ཁག་ལ་ཐབས་ཇུས་ཁྱོན་ཁྲི་2.3ལྷག་ཙམ་འབྱོར་བ་རེད།

ཧོང་ཕུའུ་གཙང་པོ་དང་སུའུ་ཀྲོའུ་ཆུ་བོ་སྟེ“གཙང་པོ་གཅིག་དང་ཆུ་བོ་གཅིག”གི་ངོགས་གཉིས་ཀྱི་བཟོ་ལས་ཤུལ་བཞག་ཕུན་སུམ་ཚོགས་པས། དེ་ནི་ལྟེ་བའི་གྲོང་ཁུལ་གྱི་ས་ཆའི་ཐོན་ཁུངས་སྤུས་ལེགས་ཤིག་ཏུ་གྱུར་ཡོད། 《ཧྲང་ཧའེ་གྲོང་ཁྱེར་གྱི“གཙང་པོ་གཅིག་དང་ཆུ་བོ་གཅིག”

གི་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད》ནང་། “བཟོ་ལས་ཀྱི་རྙིང་ཁུལ”དེ“འཚོ་བའི་སྐྱིད་ཁུལ”དང“འཕེལ་རྒྱས་གཏོང་ཁུལ”དུ་བསྒྱུར་ནས། “གཙང་པོ་གཅིག་དང་ཆུ་བོ་གཅིག”གི་འགྲམ་ངོགས་ས་ཁུལ་དེ་མི་དམངས་ཀྱིས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་བྱེད་པའི་འཛམ་གླིང་རིམ་པའི་འགྲམ་ངོགས་ཁུལ་ཞིག་ཏུ་གཏོད་དགོས་ཞེས་ཁ་གསལ་བཏོན་ཡོད།

དབྱང་ཕུའུ་གཙང་འགྲམ་དུ་ལྕགས་གདུང་གི་འདེགས་སྒྲོམ་དེ་མཛེས་འཆོས་འཁོར་རིགས་སུ་བཟོས་པ་དང་། ཞུས་ཧུའེ་གཙང་འགྲམ་གྱི་བཟོ་ཁང་རྙིང་པ་དེ་མཛེས་རྩལ་ཁང་དང་སྔོ་ལྗང་གླིང་དུ་བསྒྱུར་བ། སུའུ་ཀྲོའུ་གཙང་འགྲམ་གྱི་ཧྭ་ཏུང་སྲིད་ཁྲིམས་སློབ་ཆེན་གྱི་སློབ་རའི་ལོ་རྒྱུས་ཀྱི་བཟོ་བཀོད་རྩེ་གྲས་མང་པོ་གྲོང་མི་དང་ཡུལ་སྐོར་བར་སྒོ་མོ་ཕྱེ་ཡོད།

ཧོང་ཕུའུ་གཙང་འགྲམ་དུ་ཡོད་པའི་གྲོགས་པོ་ཕྱི་རྒྱལ་བ་ཞིག་གིས“ཡུལ་འདིའི་མི་རྣམས་འཚོ་བར་དང་དོད་ཧ་ཅང་ཆེ”ཞེས་བརྗོད་པ་དང་། ཁོང་གིས། ཧྲང་ཧའེ་ཡིས་ས་ཆ་ཡག་ཤོས་དང་ཁོར་ཡུག་ཡག་ཤོས་སྤྱད་དེ་གྲོང་མིའི་འཚོ་བར་ཞབས་འདེགས་ཞུ་བཞིན་ཡོད་ཅེས་བསྔགས་བརྗོད་བྱས།

གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་དམངས་འཚོར་ཕན་པའི་བྱ་བ་ཏན་ཏིག་སྒྲུབ་པ་དང་། དམངས་སེམས་དྲོས་པའི་དོན་དག་ཞིབ་ཚགས་སྒྲུབ་པ། དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་ཡག་པོ་སྒྲུབ་བཞིན་ཡོད།

ལོ་5ཡི་རིང་། ཧྲང་ཧའེ་ཡིས་དམངས་སེམས་འདུ་འགོད་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་སྟེ། རྐང་ཐང་སྤྲིན་ཟམ་49ལ་ཐོགས་མེད་གློག་སྐས་བཙུགས་པ་དང་། སྡེ་ཁུལ་ཕྱོགས་བསྡུས་རྒན་རྒོན་གྱི་ཞབས་ཞུ་ལྟེ་གནས་321དང་ཟ་ཁང་926མང་དུ་ཕྱིན་པ། གསོ་བཅོལ་སྒྲིག་གཞི་1277ཟིན་པ། དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་གཞིས་ཁག་གཅིག་བསྐྲུན་པ། “ཉལ་ཁྲི་གཅིག་དང་། ཁང་མིག་གཅིག ཁང་པ་ཆ་ཚང་གཅིག”བཅས་ཀྱི་རིམ་པ་མང་བའི་བོགས་གཏོང་སྡོད་ཁང་གི་མཁོ་སྤྲོད་མ་ལག་མགྱོགས་མྱུར་བསྐྲུན་པ་བཅས་རེད།

“ཁང་པ་ཡག་པོ་འདི་འདྲ་ཞིག་ཏུ་སྡོད་ཐུབ་པ་ཡིད་ལའང་འཁོར་མ་མྱོང”ལོ་75ལ་སླེབས་པའི་ཧོ་ཕེ་ཀྲེ་སོགས་ཁྱིམ་མཚེས་དུད་ཁྱིམ་27ད་ལོ་ཞུས་ཧུའེ་ཆུས་ཀྱི་ཁང་ཅན་ལམ་དུ་ཆགས་པའི་ཐབ་ཚང་དང་གསང་སྤྱོད་ཁེར་གཙང་ཡོད་པ་དང་དཀར་ཆ་དོད་པའི་ཐོག་ཁང་གསར་པའི་ནང་སྤོས། ལོ་གཅིག་གི་གོང་ས་ཆ་དེ་གར་སོ་ཕག་དང་ཤིང་ལས་གྲུབ་པའི་ཐོག་སོ་གསུམ་ཅན་གྱི་ཁང་རྙིང་སྟར་པ་གཅིག་ལས་མེད།

གྲོང་ཁྱེར་བཅོས་སྐྱོང་བྱེད་རིང་གྲོང་མིའི“ཐབས་ཤེས་བཟང་པོ”དེ་བཅོས་སྐྱོང་གི“གསེར་གྱི་ལྡེ་མིག”ཏུ་སྒྱུར་གང་ཐུབ་བྱས་པ།

2020ལོར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་གཞུང་ལས་ཁང་བཙུགས་པ་ནས་2021ལོར《ཧྲང་ཧའེ་གྲོང་ཁྱེར་མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་གྱི་གཏན་འབེབས་འགའ་ཞིག》བཟོས་ཏེ། ས་གནས་ཀྱི་ཁྲིམས་འཛུགས་ཀྱིས་མི་དམངས་ཀྱི་གྲོས་འགོར་འདེགས་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

“དམག་ཞབས་ཐིམ་པའི་ཚད་འཇལ་གྲུ་གཟིངས‘རྒྱང་ལྟ་ཨང་དང་པོ’དེ་གྲོང་མིར་སྒོ་འབྱེད་རྒྱུའི་གྲོས་འགོ་འདོན་གྱི་ཡིན”ཞེས་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ་ཞིག་གི་གྲོས་འགོ་འབྲེལ་ཡོད་སྡེ་ཚན་གྱིས་དང་ལེན་བྱས་ཤིང་། ཉམས་གསོ་བྱས་པ་བརྒྱུད། གྲུ་གཟིངས་དེ་ཧོང་ཕུའུ་གཙང་འགྲམ་གྱི་བཟོ་ལས་ཡུལ་སྐོར་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ཡུལ་གྲགས་ཅན་ཞིག་ཏུ་གྱུར་ཡོད།

“ཧྲང་ཧའེ་ཡི་འཁོན་ཐོགས་མེད་པའི་སྒྲིག་ཆས་ལ་ད་དུང་འཐུས་སྒོ་ཚང་དུ་གཏོང་བའི་བར་མཐོངས་ཡོད”ཅེས་རྐུབ་སྟེགས་འཁོར་ལོར་བསྡད་པའི་གྲོང་མི་ཞིག་གདན་ཞུས་ལྟར“གྲོང་མིའི་མཉམ་གླེང”ནང་ཞུགས་ཏེ། འགན་ནུས་སྡེ་ཚན་དང་ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་གཏུག་དང་ཐབས་ཇུས་བཏོན་པ་རེད།

བསྡུ་ལེན་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་། བསྡུ་ལེན་ཐབས་ལམ་སྣ་མང་དང་སྟབས་བདེར་ཕྱིན་པས། ཧྲང་ཧའེ་རུ་མི་དམངས་ཀྱི་གྲོས་འགོ་བཏོན་པ་ནས་དང་ལེན་བྱེད་པའི་བར་དང་། དེ་ནས་སྤོ་སྒྱུར་དང་གོང་ཞུ་བྱེད་པའི་ཐད་ཀྱི་གདུབ་ཟུམ་དོ་དམ་ཞིག་གྲུབ་ཅིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་སྡེ་ཚན་ལ་གྲོས་འགོ་ཁྲི་34ལྷག་ཙམ་འབྱོར་ཡོད་པ་རེད།

“མི་དམངས་ལ་དབང་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། མི་དམངས་ལ་ཕན་པ་ཐོབ་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཧུར་ཐག་བསྐྲུན་ནས། མི་ཚང་མ་ཞུགས་པ་དང་། མི་ཚང་མས་འགན་ཁུར་བ། མི་ཚང་མས་ལེགས་སྐྱེས་འབུལ་བ། མི་ཚང་མས་མཉམ་སྤྱོད་བཅས་བྱེད་པའི་གྲོང་ཁྱེར་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་དེ་བས་གང་ལེགས་འཛུགས་དགོས” ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་གིས། མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་སྔར་བས་མཉམ་འདྲེས་ཐུབ་པར་བྱས་ནས། དུས་རབས་གསར་པའི“གྲོང་ཁྱེར་ལ་བརྟེན་ནས་འཚོ་བ་སྔར་བས་མཛེས་སྡུག་ལྡན་པར་བྱེད”ཅེས་པའི་ལེའུ་གསར་པ་རྩོམ་དགོས་ཞེས་བརྗོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)