《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月12日

དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཡུས་དབྱི་ཁྲུན་དང་ཝང་སི་ཡོན།

ཉེ་ཆར། “གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་དང་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོགས་པ་མ་ཟད། “2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དང་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་ཚོགས་འདུ”དང“2024ལོའི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་རོགས་ཟླའི་བགྲོ་གླེང་ཚོགས་འདུ”ཡང་དུས་མཉམ་དུ་འཚོགས་པ་རེད། རྒྱལ་ཁབ་ཁག་30ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ། རིགས་གཅིག་མཁས་ཅན་དང་མཁས་དབང་། རྒྱལ་སྤྱིའི་སྒྲིག་གཞི་10ཡི་འཐུས་མི་སོགས་ཁྱོན་མི་300གླེང་སྟེགས་ལ་ཞུགས་ཡོད་པ་རེད། ཚོགས་ཞུགས་མི་སྣས། ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་པོ་ཉུང་གཏོང་གི་ལམ་བུར་བདེ་བླག་ངང་བསྐྱོད་པ་དེས་རྒྱལ་ཁབ་གཞན་གྱིས་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པར་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་བྱས་པ་དེས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།

“དབུལ་པོ་ཉུང་གཏོང་གི་མཉམ་ལས་ཀྱི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱེད”

དབུལ་པོ་སེལ་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དམིགས་ཚད་ཨང་དང་པོ་དེ་རེད། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཏེ་དབུལ་པོ་ཉུང་གཏོང་དང་བཅོས་སྐྱོང་གི་ཀྲུང་གོའི་མ་དཔེ་བཏོད་ཡོད། དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་འཚོགས་ཚུན་ད་བར་སྐབས་12གཉེར་ཞིང་། དེ་ནི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཁྱབ་ཁོངས་ལ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་པའི་ལམ་སྲོལ་རང་བཞིན་གྱི་སྤེལ་རེས་ལས་སྟེགས་ཤིག་ཏུ་གྱུར་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ལས་རིགས་ཁག་གིས་ཉམས་མྱོང་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱས་ཡོད། སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོ་ཞིང་ལས་གྲོང་གསེབ་པུས་གཙོ་གཉེར་དང་། ཀྲུང་གོ་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ནི་རྒྱབ་སྐྱོར་ཚན་པ་ཡིན་པ་རེད། གླེང་སྟེགས་ཐོག་ཚོགས་ཞུགས་སྐུ་མགྲོན་གྱིས་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཐད་ཀྱི་རྒྱལ་ཁབ་མི་འདྲ་བར་ཐོབ་པའི་འཕེལ་རྒྱས་མཉམ་སྤྱོད་དང་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་བྱས་ཏེ་འབྱུང་འགྱུར་གྱི་མཉམ་ལས་ལ་གྲོས་བསྡུར་བྱེད་པའི་བསམ་ཕྱོགས་རྒྱ་ཆེར་བཏང་བ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། གླེང་སྟེགས་ཐོག་གོ་ལ་ཧྲིལ་པོའི་དབུལ་པོའི་གནད་དོན་ལ་མཉམ་དུ་ཁ་གཏད་གཅོག་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཡོད། ཁོང་གིས། རྒྱལ་ཁབ་ཁག་གིས་མི་རྩ་བར་འཛིན་པའི་སྒྲིག་གཞི་དང་ལམ་ལུགས་བཟོས་ནས《འབྱུང་འགྱུར་གྱི་གན་རྒྱ》ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དབུལ་ཕོངས་ཞེས་པ་ལོ་རྒྱུས་སུ་འགྱུར་བར་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་སུའོ་ཧེར·ཧན་གྱིས། གླེང་སྟེགས་ཀྱིས་ཕྱོགས་ཁག་ལ་ཕན་ཚུན་དབུལ་པོ་སེལ་བའི་ཉམས་མྱོང་ཤེས་རྟོགས་བྱེད་པར་ལས་སྟེགས་བསྐྲུན་པ་དེས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད། ཁོང་གིས། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཁག་གིས་དབུལ་པོ་ཉུང་གཏོང་གི་ལས་ཕྱོད་ཆེ་རུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་ཅེས་བརྗོད།

“ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལག་ལེན་ལས་ང་ཚོར་རྩ་ཆེའི་ཉམས་མྱོང་མང་པོ་ཐོབ་བྱུང”

ཀྲུང་གོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་རྒྱུན་མཐུད་གཏོང་བ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་བ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བར། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་གྲུབ་འབྲས་དག་ཚོགས་ཞུགས་ཕྱོགས་ཁག་གིས་གྲོས་བསྡུར་འཁྲུག་པོ་བྱ་གཞིར་གྱུར་ཡོད།

ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཁོངས་གཏོགས་ཀྱི་མཐུན་སྦྱོར་པ་ཁྲང་ཆི་ཏེ་ཡིས“ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལག་ལེན་ལས་ང་ཚོར་རྩ་ཆེའི་ཉམས་མྱོང་མང་པོ་ཐོབ་བྱུང”ཞེས་བརྗོད་པ་དང་། ཁོང་གིས། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་རྒྱལ་ཁ་ཧ་ཅང་ཆེན་པོ་ཐོབ་ནས། གོ་ལ་ཧྲིལ་པོའི་རྨོ་ཞིང་གི་9%ཡིས་འཛམ་གླིང་གི་མི་འབོར་20%ཙམ་གསོས་ཡོད་པས། རྒྱལ་ཁབ་ཁག་གིས་ཀྲུང་གོའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ན། རང་ངོས་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ཅེས་བརྗོད།

ཁམ་ཕུ་ཁྲེ་གྲོང་གསེབ་འཕེལ་རྒྱས་པུའི་རྒྱལ་དོན་དྲུང་ཆེ་སུའོ་ཀུང་གིས། ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཡོད། “ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་བློ་སྒོ་རྒྱུན་ཆད་མེད་པར་ཕྱེ་ཡོད་ལ། ཁམ་ཕུ་ཁྲེར་ཡང་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད”ཅེས་བརྗོད། ཁོང་གིས། ཉེ་བའི་ལོ་ཤས་རིང་། ཁམ་ཕུ་ཁྲེ་དང་ཀྲུང་གོས་དབུལ་པོ་ཉུང་གཏོང་གི་ཁྱབ་ཁོངས་སུ་མཉམ་ལས་རབ་དང་རིམ་པ་བྱས་པ་དཔེར་ན། 2021ལོའི་ཟླ་དང་པོར་ལག་ལེན་བསྟར་འགོ་ཚུགས་པའི་ཁམ་ཀྲུང་མཛའ་གྲོགས་དབུལ་སྐྱོར་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་དེ་ནི་ཀྲུང་གོའི་དབུལ་སྐྱོར་ཉམས་མྱོང་དང་ཁམ་ཕུ་ཁྲེའི་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་ཟུང་དུ་འབྲེལ་ནས། ས་གནས་དེ་གའི་གྲོང་ཚོར་འཕེལ་རྒྱས་དང་འགྱུར་ལྡོག་མང་པོ་བཏང་བ་ཞིག་རེད་ཅེས་བརྗོད།

པར་ཙིར་གྱི་སྤྱི་ཚོགས་འཕེལ་རྒྱས་དང་རོགས་སྐྱོར་དང་། ཁྱིམ་ཚང་། བཀྲེས་ལྟོགས་འགོག་རྒོལ་གྱི་དམིགས་བསལ་དྲུང་ཆེ་ཝ་ལའེ་ལི་ཡཱ·པུ་ལི་ཏིས་དབུལ་པོ་ཉུང་གཏོང་ཐད་ཀྱི་ཀྲུང་གོའི་འགོ་ཁྲིད་ནུས་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཁོང་གིས། འབྱུང་འགྱུར་པར་ཀྲུང་རྒྱལ་ཁབ་གཉིས་པོས་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བརྗོད།

“ཀྲུང་གོ་དང་མཉམ་དུ་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་པ”

ཀྲུང་གོས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་ལྷོ་ལྷོ་མཉམ་ལས་ཀྱི་རྣམ་གྲངས་དང་། ཞིང་ལས་ཐད་ཀྱི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས། དབུལ་པོ་ཉུང་གཏོང་གི་དཔེ་སྟོན་མཉམ་ལས་རྣམ་གྲངས་སོགས་ལག་ལེན་བསྟར་བ་བརྒྱུད། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་རམ་འདེགས་བྱས་ཡོད།

2017ལོ་ནས་2020ལོའི་བར། ཀྲུང་ལོ་ཕྱོགས་གཉིས་པོས་ལོ་སིའི་ཝན་ཐེན་གྲོང་ཁྱེར་དང་ལང་པོ་ལ་པང་ཞིང་ཆེན་དུ་ལག་ལེན་བསྟར་བའི་ལོ་སིར་རོགས་སྐྱོར་བྱེད་པའི་ཨེ་ཤེ་ཡ་ཤར་མའི་དབུལ་པོ་ཉུང་གཏོང་གི་དཔེ་སྟོན་མཉམ་ལས་རྣམ་གྲངས་ལ་ཕན་འབྲས་བཟང་པོ་ཐོན་པ་དེས་ས་གནས་དེ་གའི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ལོ་སིའི་ཞིང་ནགས་པུའི་པུའུ་ཀྲང་ལིན་ཁང·ཏོན་ཧྲ་དབན་གྱིས། ལོ་ཀྲུང་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ལོ་སིའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་། ལོ་སིའི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་པ། ས་ཁོངས་དཔལ་འབྱོར་འཕར་བར་སྐུལ་མ་ཐེབས་པ་བཅས་བྱུང་ཡོད་ཅེས་དཔེ་དང་སྦྲགས་ནས་བརྗོད་པ་དང་། ཁོང་གིས“ང་ཚོས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་པ་བརྒྱུད། ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་གྲོང་གསེབ་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་ཐད་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།

འབར་མའི་མཉམ་ལས་ཁང་དང་གྲོང་གསེབ་འཕེལ་རྒྱས་པུའི་རྒྱུན་ལས་དྲུང་ཆེ་ཁང་ཙུའོ་ཡིས། ཀྲུང་གོའི་རྒྱབ་སྐྱོར་ལས་འབར་མའི་དབུལ་པོ་ཉུང་གཏོང་གི་དཔེ་སྟོན་མཉམ་ལས་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་ཐུབ་སོང་། རྣམ་གྲངས་དེ་དཔེ་མཚོན་དུ་བྱས་པའི་དབུལ་པོ་ཉུང་གཏོང་གི་བྱ་སྤྱོད་ཀྱིས་འབར་མའི་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། ད་དུང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་མ་ཐེབས་པ་དང་། གྲོང་གསེབ་ས་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ཁྱབ་ནུས་རང་བཞིན་ཆེ་རུ་ཕྱིན་ཡོད། འབར་མས་རྣམ་གྲངས་དེའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་དཔྱད་གཞིར་འཛིན་ནས། ས་ཁུལ་གཞན་དུ་རིག་ལྡན་གྲོང་གསེབ་འཛུགས་སྐྲུན་དང་ལག་རྩལ་གསར་གཏོད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལག་ལེན་ཟུང་དུ་འབྲེལ་ཏེ། གྲོང་གསེབ་ཀྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་རྩ་ཆེ་རུ་གཏོང་བཞིན་ཡོད་ཅེས་བརྗོད།

(ཉི་དོན་དང་པད་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)