《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月12日

སྡེ་ཚན་བཞིས་མཉམ་དུ་ཡིག་ཆ་བཀྲམ་ནས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། དམངས་སྲིད་པུའུ་དང་ཚོང་དོན་པུའུ་སོགས་སྡེ་ཚན་24ཡིས་མཉམ་དུ《རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་ནས་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》བཀྲམ་ནས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཀྱི་གཏིང་ཤུགས་སྔར་བས་སྔོག་འདོན་ནུས་ལྡན་བྱེད་པ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བཅས་བྱས་ཏེ། རྒན་རྒོན་གྱི་རིམ་པ་མང་བ་དང་། སྣ་མང་ཅན། རང་གཤིས་ཅན་བཅས་ཀྱི་ཞབས་ཞུའི་དགོས་མཁོ་དེ་བས་ཡག་པོ་སྐོང་དགོས་པའི་བླང་བྱ་བཏོན་ཡོད།

རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་འོས་འཚམ་ལ་སྐུལ་འདེད་གཏོང་བའི་ཐད་ཁྱིམ་སྡོད་དང་། སྡེ་ཁུལ། ལས་ཁུངས་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་སྔར་བས་རྒྱ་ཆེ་རུ་དང་ལེགས་སུ་བཏང་ནས་རིག་ལྡན་རྣམ་པའི་ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་འཛུགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཟ་མ་ཟ་བ་དང་། ལུས་ཁྲུས། སྨན་བཅོས། གཙང་སྦྲ། འགྲོ་སྐྱོད། འཕྲལ་སྡོམ་བཅས་ལ་རོགས་རམ་དང་འཚམས་འདྲི་གཅེས་སྐྱོང་སོགས་ཀྱི་ཞབས་ཞུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པ་དང་། རྫོང་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་གསར་གཏོད་ཚོད་ལྟའི་རྣམ་གྲངས་སྤེལ་ནས་རྫོང་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་དང་། རྒན་རྒོན་གྱི་འཛད་སྤྱོད་དངོས་རྫས་གྲོང་གསེབ་ཏུ་སྐྱེལ་བར་རྒྱབ་སྐྱོར་སོགས་བྱེད་དགོས། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་རྒྱ་སྐྱེད་གཏོང་བའི་ཐད“རིག་ལྡན་རྒན་གསོ་ཁང”འཚོལ་ཞིབ་བྱས་ནས་འཛུགས་པ་དང“རྒན་གསོའི་ཞབས་ཞུའི་དྲ་ཐོག་ས་ཁྲ”གསར་སྤེལ་བྱེད་དགོས། རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་སྒྲིག་ཆས་དང་ཐོན་རྫས་མཁོ་ཆས་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་གཏོང་བ། རྒན་འཕྲོད་ཅན་གྱི་སྒྱུར་བཀོད་སོགས་བྱེད་དགོས། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་རྒན་རྒོན་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་རྒན་གསོའི་ཞབས་ཞུའི་ལས་རིགས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། རྒན་གསོའི་བདག་སྐྱོང་པའི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་སོགས་ལག་བསྟར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། (བདེ་དབང་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)