འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་སོ་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་དང་། རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་། གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་། ནུས་རྒྱུའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་མ་ཟིན་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་། བཙོག་དངུལ་གཙང་སྒྱུར་ངོ་རྒོལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་གཏན་འབེབས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟའི་གྲོང་ཁྱེར་ལ་སྤྱད་འཐུས་ཀྱི་ཚད་འཇལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་བྱེད་པའི་དུས་ཚད་རིང་དུ་གཏོང་བར་དབང་ཆ་སྤྲོད་པའི་གཏན་འབེབས་འཆར་ཟིན་གྱི་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་བཅས་ཉན་ནས་འབྲེལ་ཡོད་འཆར་ཟིན་གྱི་བརྡས་ཐག་མ་ཟིན་ལ་གྲོས་ཞིབ་བྱས་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་ལིའུ་ཆིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལྟ་ཞིབ་དང་སྲིད་ཁྲིམས་ཨུ་ལྷན་དང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན། ཞིང་ལས་དང་གྲོང་གསེབ་ཨུ་ལྷན། སྤྱི་ཚོགས་འཛུཌ་སྐྲུན་ཨུ་ལྷན་བཅས་ཆེད་དོན་ཨུ་ལྷན་བཞིའི་འཐུས་མིའི་གྲོས་གཞིའི་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་སྒྲོན་དང་། 《ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་བརྗེ་སྒྱུར་གསོག་འབོར་གྱི་མངོན་མེད་བུ་ལོན་འཕར་བར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་གཞིའི》གྲོས་ཆོད་འཆར་ཟིན་སོགས་བརྡས་ཐག་གཅོད་རྒྱུར་འབུལ་རྩིས་ཡོད་པའི་དོན་ཚན་གྲོས་ཞིབ་བྱས་ཚུལ་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་སྙན་སེང་ཉན་པ་རེད།