འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་འབྲེལ་ཡོད་བརྡས་ཐག་གཅོད་པའི་ལས་དོན་ལེགས་གྲུབ་བྱུང་རྗེས་ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་བ་རེད།
ཀྲའོ་ལེ་ཅི་ཡིས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་བཅའ་ཁྲིམས་དང་གཏན་འབེབས་འཆར་ཟིན་ཁག་11ལ་གྲོས་ཞིབ་བྱས་པའི་ནང་7ལ་གྲོས་འཆམ་བྱུང་བ་དང་། གྲོས་ཆོད་1བཞག་པ། འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་4ཡི་སྙན་སྒྲོན་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བཅས་ཀྱི་ཐོག་ནས་སྔོན་གཏན་འཁེལ་བའི་ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་ཡོད་ཅེས་གསུངས་པ་རེད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཚོགས་འདུའི་ཐོག་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་། ཀུན་ཕན། བདེ་འཇགས། སྤུས་ལེགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་བྱས་ཡོད། ནུས་རྒྱུའི་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་འགན་སྲུང་དང་། ནུས་རྒྱུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ལ་དག་བཅོས་གཏན་འཁེལ་བྱས་ནས་རིག་དངོས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིག་དངོས་བེད་སྤྱོད་ལུགས་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད། གཏེར་ཁའི་ཐོན་ཁུངས་ཀྱི་བཅའ་ཁྲིམས་ལ་དག་བཅོས་གཏན་འཁེལ་བྱས་ནས་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་། སྔོག་འདོན། གསོག་ཉར། འཕྲལ་མཁོ། གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད། བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལ་དག་བཅོས་གཏན་འཁེལ་བྱས་ནས་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩའི་སྒྲིག་ལམ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོང་བྱས་ཡོད། ལྟ་སྐུལ་བཅའ་ཁྲིམས་ལ་བཟོ་བཅོས་གལ་ཆེན་བརྒྱབ་སྟེ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་སྔར་བས་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟའི་གྲོང་ཁྱེར་ལ་སྤྱད་འཐུས་ཀྱི་ཚད་འཇལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་བྱེད་པའི་དུས་ཚད་རིང་དུ་གཏོང་བར་དབང་ཆ་སྤྲོད་པའི་གཏན་འབེབས་བཟོས་ཡོད། འབྲེལ་ཡོད་ཕྱོགས་ཀྱིས་གོང་གསལ་བཅའ་ཁྲིམས་དང་གཏན་འབེབས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་གྲ་སྒྲིག་ལས་དོན་ལེགས་པར་སྒྲུབ་དགོས་པ་དང་ལེ་ལག་ཚང་བའི་གཏན་འབེབས་དང་འགན་སྲུང་བྱེད་ཐབས་འདོན་རྒྱུར་དམ་འཛིན་བྱས་ཏེ། ཕྱོཌ་ཡོངས་དང་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་ཐུབ་པར་འགན་ལེན་བྱེད་དགོས།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཚོགས་འདུའི་ཐོག《ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་བརྗེ་སྒྱུར་གསོག་འབོར་གྱི་མངོན་མེད་བུ་ལོན་འཕར་བར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་གཞིར》ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གྲོས་ཆོད་བཏོན་ཡོད། འབྲེལ་ཡོད་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲོས་ཆོད་ཀྱི་བླང་བྱ་ལྟར་བུན་འཛིན་བརྗེ་སྒྱུར་གྱི་སྲིད་ཇུས་གནད་ལ་འཁེལ་པོས་ལག་བསྟར་བྱེད་པ། གསོག་འབོར་གྱི་མངོན་མེད་བུ་ལོན་གྱི་ཉེན་ཁ་གཟབ་ནན་ངང་སེལ་བ། མངོན་མེད་བུ་ལོན་འཕར་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། སྲིད་གཞུང་གི་བུ་ལོན་ལ་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱེད་དགོས། ཚོགས་འདུའི་ཐོག“གཞུང་གཅིག་ཁང་གཉིས”ཀྱི་སྙན་སྒྲོན་7དང་ཁྲིམས་སྒྱུར་ཞིབ་བཤེར་སྙན་སྒྲོན་2ལ་གྲོས་ཞིབ་བྱས་ནས་འབྲེལ་ཡོད་ཕྱོགས་ཀྱི་ལས་ཀ་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་དུས་མཚུངས་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཀྲའོ་ལེ་ཅི་ཡིས་ནན་བཤད་གནང་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། གཞུང་འཁྱོངས་གསར་འབྱེད་དང་བརྟན་ཐོག་ཡར་འཕེལ་བཅས་བྱས་ནས། མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་མཛུབ་ཁྲིད་དགོངས་པ་དང་། སྤྱིའི་དམིགས་ཚད། རྩ་དོན་གལ་ཆེན། ཚན་རིག་དང་མཐུན་པའི་བྱེད་ཐབས་བཅས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ། ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ཀྱི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གྱི་ལས་བགོས་ཇུས་གཞི་གཞིར་བཟུང་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ལ་སྤྲད་པའི་ལས་འགན་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས།
(བདེ་སྐྱིད་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)