འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གསར་དུ་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། ཟླ་10པར་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་འཕར་བ་དང་ཆབས་ཅིག ཟླ་8པ་དང་9པ་ལས་བརྒྱ་ཆའི་གྲངས་3དང་1.3ཁག་སོ་སོར་འཕར་ཡོད་པ་རེད།
བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་དང་བྲིན་ཚོང་བྱེད་མགྱོགས་སུ་ཕྱིན་ནས་ལག་རྩལ་མཐོན་པོ་དང་སྒྲིག་ཆས་བཟོ་སྐྲུན་མུ་མཐུད་ལེགས་སུ་ཕྱིན་ཡོད། ཟླ་10པར་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་1.3%འཕར་བ་དེ་ཟླ་9པ་དང་བསྡུར་ན་བརྒྱ་ཆའི་གྲངས་2.2འཕར་ཡོད། དེའི་ནང་ལག་རྩལ་མཐོན་པོའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་8.9%དང་5.1%ཁག་སོ་སོར་འཕར་ནས་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་གི་འཕར་ཚད་བསྡོམས་འབོར་ལས་བརྒྱ་ཆའི་གྲངས་7.6དང་3.8ཀྱིས་མཐོ་བ་བྱུང་ནས་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།
དེང་རབས་ཞབས་ཞུའི་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་མྱུར་ཙམ་དང་ལག་རྩལ་མཐོན་པོའི་ཞབས་ཞུ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཟླ10པར་ཚན་རིག་ཞིབ་འཇུག་ལག་རྩལ་ཞབས་ཞུའི་ལས་རིགས་དང་། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་ཟོག་འགྲེམས་ལས་རིགས་སོགས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་14.5%དང་། 9.2% 7.3%བཅས་ཁག་སོ་སོར་འཕར་བ་ཚང་མ་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་བྲིན་ཚོང་འཕར་ཚད་བསྡོམས་འབོར་ལས་མངོན་གསལ་དོད་པོས་མཐོ་བ་ཡོད། ལྷག་པར་དུ་གསར་གཏོད་ཀྱི་གཙོ་རྒྱུ་དང་འགུལ་ནུས་གསར་པའི་གཙོ་རྒྱུ་གཅིག་ཏུ་འདུས་པའི་ལག་རྩལ་མཐོན་པོའི་ཞབས་ཞུའི་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་10.9%འཕར་ཡོད།
སྒྲིག་ཆས་ལ་མ་དངུལ་གཏོང་ཤུགས་མུ་མཐུད་འཕར་ནས་འཛད་རྫས་རྙིང་ཚབ་གསར་བརྗེར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད། ཟླ་10པར་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་ཁེ་ལས་ཀྱིས་འཕྲུལ་ཆས་དང་སྒྲིག་ཆས་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས་5.2%འཕར་བ་དེ་ཟླ་9པའི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.2འཕར་ཡོད། དེའི་ནང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་དང་བོགས་གཏོང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱིས་འཕྲུལ་ཆས་དང་སྒྲིག་ཆས་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས་23.5%དང་16.6%སོ་སོར་འཕར་ཡོད། ཟླ་10པར་སིལ་ཚོང་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་8%འཕར་བ་དེ་ཟླ་9པའི་འཕར་ཚད་ལས་བརྒྱ་ཆའི་གྲངས་5.4ཡིས་མཐོ་བ་ཡོད་པ་རེད།